འཚོལ་བཤེར།   
藏文频道
2026ལོའི་ཟླ་4ཚེས་8ཉིན།

༄༅།།ཡེ་ཤེས་ཟླ་བ་“གཉིས་འབུད་”བཏང་བ། 

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 04ཚེས་07ཉིན། 15:46】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཉེ་ཆར་སི་ཁྲོན་ཞིང་ཆེན་ཨུ་ལྷན་གྱི་ཆོག་མཆན་ཐོབ་པ་བརྒྱུད། སི་ཁྲོན་ཞིང་ཆེན་སྒྲིག་ཨུ་ལྟ་སྐུལ་ཨུ་ལྷན་གྱིས་ཀྲུང་གུང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། སི་ཁྲོན་ཞིང་ཆེན་དམངས་སྲིད་ཐིང་གི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི། ཐིང་ཀྲང་། ཞིང་ཆེན་དགེ་སྒྲུབ་མཉམ་འབྲེལ་སྤྱི་ཁྱབ་ལྷན་ཚོགས་ཀྱི་དེ་སྔའི་ཚོགས་གཙོ་བཅས་ཡིན་པའི་ཡེ་ཤེས་ཟླ་བ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པར་གྱོད་དོན་ཐོ་འགོད་དང་ཞིབ་བཤེར་བརྟག་དཔྱད་བྱས་ཡོད།

    ཞིབ་བཤེར་བྱས་པ་བརྒྱུད། ཡེ་ཤེས་ཟླ་བའི་ཕུགས་བསམ་དང་དད་སེམས་ཉམས་པ་དང་། སྒྲིག་ཁྲིམས་ཀྱི་འདུ་ཤེས་ཞན་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣང་མེད་དུ་བཞག་པ། སྒྲིག་འགལ་ངང་ལག་རྟགས་བླངས་པ། རྩ་འཛུགས་ཀྱི་རྩ་དོན་དང་འགལ་ནས་མི་སྒེར་གྱི་འབྲེལ་ཡོད་དོན་དག་སྦས་གསང་དང་སྙན་སེང་མ་ཞུས་པ། ལས་བྱེད་པ་ལས་གནས་སྤོ་སྒྱུར་བྱེད་རིང་མི་གཞན་ལ་ཁེ་ཕན་དོན་གཉེར་བྱས་པ་མ་ཟད་རྒྱུ་ནོར་བླངས་པ་བཅས་བྱས་པ་དང་། དཔོན་པོ་སྤྱོད་གཙང་མིན་པ་དང་། རང་ཉིད་ཀྱི་འགྲོ་གྲོན་སྒྲིག་འགལ་གྱིས་མི་གཞན་ལ་སྤྲོད་དུ་བཅུག་པས། སྒེར་གྱི་སྤྱོད་ལམ་མི་སྲུང་བ་དང་། འདོད་རྔམ་ཆེ་བར་གྱུར་པ། སྒྲིག་ཁྲིམས་སྣང་མེད་དུ་བཞག་པ། གོ་གནས་ཀྱི་སྟབས་བདེ་དང་འགན་དབང་ངམ་གོ་གནས་ལས་གྲུབ་པའི་མཐུན་རྐྱེན་ལ་བརྟེན་ནས་མི་གཞན་ལ་རྣམ་གྲངས་འགན་ལེན་དང་མ་དངུལ་གཏོང་སྤྲོད་སོགས་ཀྱི་ཐད་ཁེ་ཕན་དོན་གཉེར་བྱས་པ་མ་ཟད། རྒྱུ་ནོར་འབོར་ཆེན་བླངས་པ་རེད།

     ཡེ་ཤེས་ཟླ་བ་ཏང་གི་རྩ་འཛུགས་སྒྲིག་ཁྲིམས་དང་། སྤྱོད་གཙང་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་ནས་ལས་ཐོག་ཁྲིམས་འགལ་ཚབས་ཆེན་གྲུབ་པ་མ་ཟད། ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ་སྔར་བཞིན་ཚོད་མེད་ཅིང་མཚམས་མི་འཇོག་པར་ངོ་བོ་ཚབས་ཆེན་ཡིན་པ་དང་ཤུགས་རྐྱེན་ངན་པ་བཟོས་པས་ཐག་གཅོད་ནན་པོ་བྱེད་དགོས། 《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》《གཞུང་ཞབས་པའི་སྲིད་དོན་ཆད་གཅོད་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སི་ཁྲོན་ཞིང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གྲོས་བསྡུར་བྱས་པ་དང་འབྲེལ་ཀྲུང་དབྱང་སྒྲིག་ཨུ་ལ་ཞིབ་བཤེར་གཏན་འབེབས་གནང་བ་དང་ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་ཡེ་ཤེས་ཟླ་བ་ལ་ཏང་གི་སྐྱིད་སྡུག་ནས་འབུད་ཐག་བཅད་པ་དང་། སི་ཁྲོན་ཞིང་ཆེན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གིས་དེར་གཞུང་གནས་ནས་ཕྱིར་འབུད་གཏོང་བའི་ཆད་པ་གཅོད་རྒྱུ། སི་ཁྲོན་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་འཐུས་མིའི་ཐོབ་ཐང་མཚམས་འཇོག་རྒྱུ། དེའི་སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ། དེའི་ཉེས་གསོག་དོགས་ཡོད་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཁྲིམས་སྦྱོར་བྱེད་པར་རྩིས་སྤྲོད་བྱ་རྒྱུ་དང་། དེ་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་ཡང་མཉམ་དུ་རྩིས་སྤྲོད་བྱ་རྒྱུ། ཡེ་ཤེས་ཟླ་བ་ལ་ཏང་གི་སྐྱིད་སྡུག་ནས་ཕུད་པའི་ཆད་པ་བཅད་པ་དེ་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་འཚོགས་སྐབས་རྗེས་འདེད་ཁས་ལེན་བྱ་རྒྱུ་ཡིན།