འཚོལ་བཤེར།   
藏文频道
2026ལོའི་ཟླ་4ཚེས་3ཉིན།

༄༅།།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བཀྲག་མདངས་དེ་བས་འཚེར་བར་བྱེད་དགོས།

——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁ་ཕྱོགས་གསལ་སྟོན་དང་མི་སེམས་ལ་སྐུལ་མ་ཐེབས་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 04ཚེས་03ཉིན། 13:49】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་གྱི་གསར་འགོད་པ། ཁྲང་ཆིན། ཀུའུ་ཀྲུང་དབྱང་། ལི་ཞའོ་ཆིང་།

     “སྐྱེ་ཁམས་བཟང་པོ་མི་ཚང་མས་མཉམ་སྤྱོད་བྱེད་པ་དང་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་མཉམ་སྐྲུན་ཡང་བྱེད་དགོས། སྤྱི་ཚོགས་ཡོངས་ཤིང་འཛུགས་ནགས་བཟོའི་ནང་རྒྱ་ཁྱབ་ངང་ཞུགས་པར་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ། རི་ཀླུང་དང་ས་གཞི་ཆེན་པོར་སྔོ་ལྗང་རབ་ཏུ་བསྣན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བཀྲག་མདངས་དེ་བས་འཚེར་བར་བྱེད་དགོས”

     ཟླ་3ཚེས་30ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་ལ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས། འདི་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་རེད་ལ། དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་ལས་འགུལ་སྤེལ་ནས་ལོ་ངོ་45འཁོར་བའི་ལོའང་རེད། འགོ་འཛུགས་ས་གསར་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ལྷ་ཤིང་ཤུག་པ་བྲག་ལ་ཚུགས་པ་ལྟར་སྤུས་ཚད་མཐོར་གཏོང་དང་། ལས་དར། དམངས་ཕན་བཅས་ལ་དེ་བས་སྣང་ཆེན་བྱེད་དགོས། བྱེ་ཐང་བྱེ་ཞིང་ནས་འབྲི་ཆུའི་ལྷོ་རྒྱུད་ཀྱི་ཆུ་གྲོང་བར་དང་། བརྗིད་ཆགས་རི་ཚོགས་ནས་གྲོང་ཁྱེར་གྱི་ཁྲོམ་གཞུང་བར་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བྱ་སྤྱོད་དངོས་ལ་བརྟེན་ནས“འདེབས་འཛུགས་དང་དོ་དམ་མཉམ་དུ་དམ་འཛིན་དང་། སྐྱེ་ཁམས་དང་ཐོན་ལས་མཉམ་དུ་སྐུལ་འདེད། མི་དང་རང་བྱུང་ཁམས་མཉམ་དུ་གནས་པ”བཅས་ཀྱི་ལྗང་མདོག་གི་ལེའུ་ཡག་པོ་བརྩམས་ཡོད་ཅེས་བརྗོད།

     འདེབས་འཛུགས་དང་དོ་དམ་མཉམ་དུ་དམ་འཛིན་བྱེད་པ།

     ཁྲིམས་སྐྱོང་གི་རྨང་གཞི་བརྟན་དུ་བཏང་ནས་མཛེས་སྡུག་ལྡན་པའི་ཀྲུང་གོའི་འཆར་གཞི་འགོད་པ།

     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་ནགས་ཚལ་རྒྱ་ཁྱོན་དང་གསོག་ཚད་རྒྱུན་མཐུད་ངང་འཕར་བ་དང་ཐང་རྒོད་ཅན་དང་བྱེ་འགྱུར་ཅན་གྱི་ས་ཆའི་རྒྱ་ཁྱོན་རྒྱུན་མཐུད་ངང་ཆུང་དུ་ཕྱིན་ནས། ནམ་མཁའ་གཡའ་དག་པ་དང་། ས་གཞི་རྡུལ་དག་པ། ཆུ་མོ་དྭངས་ཤིང་གཙང་བ་བཅས་རྒྱུན་གཏན་གྱི་རྣམ་པར་གྱུར་ཡོད། མི་རིང་བའི་གོང་། རང་རྒྱལ་གྱིས་སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་ཁྱབ་བསྒྲགས་བྱས་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཁྲིམས་སྐྱོང་གི་རྨང་གཞི་སྔར་བས་བརྟན་དུ་བཏང་ཡོད།

     “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་དང་འོས་འགན་ཤིང་འཛུགས་ལས་དོན་ལ་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད”ཅེས་རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་སིའི་འོས་འགན་ཤིང་འཛུགས་དང་སྡེ་ཚན་སྔོ་འགྱུར་ཁྲུའི་ཁྲུའུ་ཀྲང་ཀྲང་ཁྲའོ་ཧུའེ་ཡིས་བརྗོད་པ་དང་། ཁོང་གིས“འདི་ལོ་ནི‘ལོ་ལྔ་ཚན་བཅོ་ལྔ་པའི’འགོ་ཚུགས་ལོ་ཡིན་པས། ང་ཚོས་ཁྲིམས་སྐྱོང་གི་རྨང་གཞིར་བརྟེན་པ་དང་ས་ཆར་བསྟུན་ནས་སྔོ་འགྱུར་གཏན་འཁེལ་དང་ཆུ་དང་བསྟུན་ནས་སྔོ་འགྱུར་གཏན་འཁེལ་དོན་འཁྱོལ་ནན་པོ་བྱེད་ཀྱི་ཡིན། ང་ཚོས་ཡུལ་བབ་དང་བསྟུན་ཏེ་སྔོ་ལྗང་མང་དུ་གཏོང་བའི་ལས་དོན་ཡག་པོ་བསྒྲུབས་ནས‘ལོ་ལྔ་ཚན་བཅོ་ལྔ་པའི’ནགས་ཚལ་དང་རྩྭ་ཐང་སྲུང་སྐྱོང་བེད་སྤྱོད་འཆར་འགོད་རྩ་འཛིན་དུ་བྱས་ཏེ་གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་རྒྱུན་མཐུད་སྤེལ་བ་དང་། ‘བྱང་གསུམ’ལས་གྲྭའི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ། འོས་འགན་ཤིང་འཛུགས་ལས་དོན་གསར་གཏོད་ངང་སྤེལ་བ། ཚན་རིག་དང་མཐུན་པའི་ནགས་བཟོའི་ལས་སྒོ་དང་པོ་ནན་པོ་སྲུང་བ་བཅས་བྱས་ཏེ། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་ལྷིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་གི་ཡིན”ཞེས་བརྗོད།

     བྱང་གསུམ་ས་ཁུལ་ནི་མིག་སྔའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་འཐབ་ས་གཙོ་བོ་དེ་ཡིན། ནང་སོག་ཨེར་ཏུའོ་སི་གྲོང་ཁྱེར་ཝུའུ་ཧྲེན་ཆི་ནི་མའོ་ཝུའུ་སུའུ་བྱེ་ཐང་གི་རླུང་ཁར་གནས་ཤིང་། བྱེ་བཅོས་པས་བཞུ་རུང་འདེབས་འཛུགས་ཁུག་མ་སྟེ་ནགས་བཟོ་རྩྭ་འདེབས་གཞི་གཅིག་ཅན་གྱི་སྒྲིག་ཆས་སྤྱད་ནས་སྡོང་ཕྲུག་འདེབས་འཛུགས་བྱེད་བཞིན་ཡོད་པ་རེད། ཨེར་ཏུའོ་སི་གྲོང་ཁྱེར་གྱི་བྱང་གསུམ་ལས་གྲྭ་སྐུལ་སྤེལ་ལྟེ་གནས་ཀྱི་ལས་དོན་མི་སྣ་པའོ་ལུང་ཧྲན་གྱིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས‘ས་ཆར་བསྟུན་ནས་སྔོ་འགྱུར་གཏན་འཁེལ་དང་ཆུ་དང་བསྟུན་ནས་སྔོ་འགྱུར་གཏན་འཁེལ་བྱེད་དགོས’ཞེས་ནན་བཤད་གནང་ཡོད། ཨེར་ཏུའོ་སིར་སྐམ་ཤས་ཆེ་ཞིང་ཆུ་དཀོན་པས། ང་ཚོས་བྱེ་བཅོས་བྱེད་པར་ངེས་པར་དུ་ཆུའི་ཐོན་ཁུངས་ཀྱི་ཐེག་ནུས་གསལ་པོ་ཤེས་དགོས་པ་ངོས་འཛིན་གཏིང་ཟབ་ཐུབ་སྟེ། སྔོན་ལ་ཐན་པ་ཐེག་ཐུབ་པའི་ལྗོན་ཤིང་རིགས་འདེམས་སྤྱོད་བྱས་ནས། སྐྱེ་ཁམས་ཀྱི་ཆུ་སྤྱོད་ཚད་ཉུང་དུ་གཏོང་གང་ཐུབ་བྱས་པ་ཡིན། སྒྲིག་ཆས་གསར་པར་བརྟེན་པས་ནགས་ཚལ་གསོན་ཚད་20%ནས་30%བར་མཐོ་རུ་ཕྱིན་ནས་བྱེ་སར་ཆུ་དཀོན་པའི་དབང་གིས་སྡོང་ཕྲུག་གསོན་ཚད་མཐོ་པོ་མེད་པའི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་ཐུབ་ཡོད”ཅེས་མྱོང་ཚོར་ཟབ་མོས་བརྗོད།

     ནགས་བཟོ་ནི་འདེབས་འཛུགས་ལ་རག་ལས་པ་མ་ཟད། དོ་དམ་ལ་དེ་བས་ཀྱང་རག་ལས་ཡོད། ཞོགས་པའི་སྨུག་པ་ཡོངས་སུ་ཡལ་མེད་པའི་ཧུའུ་ནན་ཞིང་ཆེན་ལིའུ་དབྱང་གྲོང་ཁྱེར་ཅིན་ཀང་གྲོང་རྡལ་གྱི་རི་ཁྲོད་ནགས་རར“ཆེས་མཛེས་པའི་རང་བྱུང་སྲུང་སྐྱོང་པ”དང་ཆེད་བསྐོས་སྐྱེ་ཁམས་ནགས་སྲུང་བ་ཧོང་ཝུའེ་ཀུའུ་དང་ལས་རོགས་ཚོས་མི་མེད་གནམ་གྲུ་བྱང་ཆ་དོད་པོས་བཀོལ་སྤྱོད་བྱས་ཏེ་མཁའ་དབྱིངས་སུ་བཏང་ནས། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་དང་ཐང་ཤིང་འབུ་རིང་གི་ནད་འབུ་ཐོན་མིན་གནས་ཚུལ་ལ་སྐོར་ཞིབ་བྱེད་བཞིན་ཡོད་པ་རེད། ཁོང་གིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས‘ནུས་ཤུགས་དེ་བས་ཆེ་བ་བཏོན་ནས་དོ་དམ་སྲུང་སྐྱོང་ལ་ཤུཌ་སྣོན་རྒྱག་དགོས’ཞེས་ནན་བཤད་གནང་ཡོད། ད་ཆ་ང་ཚོས་ལས་ཀ་ཧུར་ཐག་བྱེད་དགོས་པ་མ་ཟད‘མིག་རྒྱང་རིང་པོར’བརྟེན་ནས་འབུ་འགོག་མེ་ཟོན་བྱེད་དགོས། སྡོང་ཕྲུག་ཉིན་རེ་ལས་མ་འདས་པར་སྦོམ་དུ་དང་ཆེ་རུ་འགྲོ་བ་མཐོང་སྐབས། སྔོ་ལྗང་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ང་ཚོའི་ཡིད་ཆེས་དང་གཏིང་ཤུགས་དེ་བས་ཆེ་རུ་འགྲོ་ཡི་འདུག”ཅེས་བརྗོད།

     སྐྱེ་ཁམས་དང་ཐོན་ལས་ལ་མཉམ་དུ་སྐུལ་འདེད་གཏོང་བ།

     བརྗེ་སྒྱུར་ཐབས་ལམ་ཤར་གཏོང་བྱས་ཏེ་ལྗང་མདོག་དམངས་ཕྱུག་ལམ་བུ་རྒྱ་ཆེར་གཏོང་བ།

     རང་བྱུང་ཐོན་ཁུངས་པུའུ་རང་བྱུང་ཐོན་ཁུངས་ཁེ་དབང་སིའི་སི་ཀྲང་གཞོན་པ་ཞུས་ཙི་མོང་གིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས‘སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་བརྗེ་སྒྱུར་ཐབས་ལམ་ཤར་གཏོང་བྱེད་དགོས’ཞེས་ནན་བཤད་གནང་ཡོད། ཉེ་བའི་ལོ་ཤས་རིང་། ང་ཚོས་མཉམ་སྡེབ་ནགས་ཚལ་བདག་དབང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་རྒྱུན་མཐུད་བཏང་ནས། ནགས་ལས་ཀྱི་ཐཱན་འདུས་རྣམ་གྲངས་ཁྲོམ་ཞུགས་ཉོ་ཚོང་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་གསེར་དངུལ་ངོ་མར་བསྒྱུར་ཡོད། གོམ་སྟབས་རྗེས་མར། རང་བྱུང་ཐོན་ཁུངས་ཀྱི་ཁེ་དབང་དམིགས་ཚད་ཁྲོམ་ར་ཅན་གྱི་ཉོ་ཚོང་ལམ་སྲོལ་མུ་མཐུད་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རི་སྔོན་ཆུ་དྭངས་མི་སེར་ཚོས་མིག་མཐོང་ལག་འཛིན་ཐུབ་པའི་གསེར་རི་དངུལ་རིར་འགྱུར་བར་བྱེད་ཀྱི་ཡིན”ཞེས་བརྗོད།

     རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་རྩྭ་ཐང་དོ་དམ་སིའི་སི་ཀྲང་གཞོན་པ་ཧན་ཧྥེང་ཙེ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་རྩྭ་ཐང་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་གནང་ཡོད། “ང་ཚོས་རྩྭ་ཐང་སླར་གསོའི་ཁྲོད་ཀྱི‘བཅོས་སྐྱོང་བྱེད་ཀྱིན་གཏོར་བཤིག་གཏོང་བའི’འགལ་བ་གཙོ་བོ་དེར་དམ་འཛིན་བྱས་ཏེ། རྩྭ་ཕྱུགས་མཉམ་བཅོས་དང་འགག་བཤངས་ཟུང་འབྲེལ་མཐའ་འཁྱོངས་བྱེད་ཀྱི་ཡིན། ‘བྱང་གསུམ’ལས་གྲྭའི་ཤར་རྒྱུད་ཡུག་ཁུལ་དུ་རྩྭ་ཕྱུགས་མཉམ་བཅོས་བྱ་སྤྱོད་སྤེལ་ཏེ། དེང་རབས་རྩྭ་ཐང་དང་འབྲོག་ར་ཚོད་ལྟའི་འཛུགས་སྐྲུན་དང་རྩྭ་ཆུ་གཉིས་འཛོམས་ཀྱི་རྩྭ་ཐང་གི་མཛེས་ལྗོངས་སླར་གསོ་བྱས་ནས། སྐྱེ་ཁམས་མཛེས་པ་དང་། ཐོན་ལས་དར་བ། མི་སེར་ཕྱུག་པ་བཅས་ཡོང་བར་བྱེད་ཀྱི་ཡིན”ཞེས་བརྗོད།

      དཔྱིད་དུས་སུ་ཅང་སུའུ་ཞིང་ཆེན་སུའུ་ཆན་གྲོང་ཁྱེར་སུའུ་ཁྲེང་ཆུས་རྨ་ཆུའི་གནའ་ལམ་གྱི་སྐྱེ་ཁམས་དམངས་ཕྱུག་བར་ཁྱམས་སུ་ལྗོན་ཤིང་སྟུག་ལ་མེ་ཏོག་སྣ་ལྔས་ཁེངས། སུའུ་ཁྲེང་ཆུས་ཨུད་ཀྱི་ཧྲུའུ་ཅི་ཀེང་ཞའོ་ཡུན་གྱིས“ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི‘སྐྱེ་ཁམས་དང་ཐོན་ལས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས’ཞེས་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། གནའ་བོའི་རྨ་ཆུའི་སྐྱེ་ཁམས་དམངས་ཕྱུག་བར་ཁྱམས་སོགས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་མི་དམངས་མང་ཚོགས་སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་དང་རྒྱུན་མཐུད་འབབ་འཕར་ཡོང་བར་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་མངོན་པར་བྱེད་དགོས”ཞེས་བརྗོད།

      མི་དང་རང་བྱུང་ཁམས་མཉམ་དུ་གནས་པར་བྱེད་པ།

      མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་མཉམ་སྐྲུན་མཉམ་སྤྱོད་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་དེ་བས་སྡོད་མལ་ལ་འཚམ་པར་བྱེད་པ།

      པེ་ཅིང་ཧའེ་ཏེན་ཆུས་ཧྲུའུ་ཀོང་ཁྲོམ་གཞུང་ཧྲི་ཡུས་ཡོན་སྡེ་ཁུལ་དུ་ལྡུམ་རའི་སྒྱུ་རྩལ་མཁས་ཅན་གྱི་མཛུབ་ཁྲིད་འོག གྲོང་མི་ཚོས་མེ་ཏོག་ལྡུམ་ར་ཆུང་ངུའི་ནང་གི་མེ་ཏོག་དང་རྩི་ཤིང་སྣ་ཚོགས་ལ་ཆུ་རྒྱག་པ་དང་ཡལ་བཞུར་རྒྱག་བཞིན་ཡོད། རྒྱལ་སའི་སྔོ་འགྱུར་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གི་འོས་འགན་ཤིང་འཛུགས་ཁྲུའི་ཁྲུའུ་ཀྲང་ཁྲང་ཞང་ཀྲེན་གྱིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས‘མང་ཚོཌ་གམ་དུ་སྤང་ལྗོངས་མང་དུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ལྗང་མདོག་གི་ཐོབ་སྣང་དེ་བས་མང་བ་ཡོང་བར་བྱེད་དགོས’ཞེས་ནན་བཤད་གནང་ཡོད། ད་ཕན་ལོ་ཤས་རིང་། པེ་ཅིང་དུ་སྡེ་ཁུལ་གྱི་མེ་ཏོག་ལྡུམ་ར་ཆུང་ངུ་200བསྐྲུན་པ་དང་ད་ལོ་ད་དུང་གྲོང་མི་སྐུལ་སློང་བྱས་ནས་ལྡུམ་ར་ཆུང་ངུ་100བསྐྲུན་གྱི་ཡིན”ཞེས་བརྗོད།

     “གཞོན་ནུ་ལོ་ཆུང་ཚོ་སྡོང་ཕྲུག་ཆུང་ཆུང་དང་འདྲ་བར་གསོན་ཤུགས་དང་རེ་བས་ཁེངས་ཡོད”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྕང་སོན་འཛུགས་ཞོར་ཕྲུ་གུའི་སློབ་སྦྱོང་དང་འཚོ་བར་ཐུགས་ཁུར་གནང་བ་དང་ངལ་རྩོལ་སྦྱོང་བརྡར་དང་ཤིང་འཛུགས་བྱེད་སྒོར་ཞུགས་པའི་གནས་ཚུལ་མཁྱེན་རྟོགས་གནང་བ་དེ་ལས་སློབ་གསོའི་ལས་དོན་པ་ཚོར་སེམས་འགུལ་ཆེན་པོ་ཐེབས་ཡོད།

     ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་ཁྲུང་ཝུན་ཚོད་ལྟའི་སློབ་གྲྭའི“རྩི་ཤིང་སྣ་མང་གི་ལྡུམ་རའི”ནང་ལོ་ཆུང་གདོང་ལེན་རུ་མི་ཚོས་གསར་དུ་བཏབ་པའི་སྡོང་ཕྲུག་ལ་གཟབ་ནན་ངང་ཆུ་རྒྱག་པ་དང་བྱང་བུ་འགེལ་བཞིན་ཡོད་པ་རེད། “ལི་སི་ཀོང་རུ་འབྲིང”གི་ཟུར་ཁྲིད་པ་ཝང་ཏན་གྱིས་རྣམ་པ་དེ་ཟིན་ཐོར་བཀོད་ཅིང་། “‘ཤེས་བྱར་དགའ་ཞེན་དང་། ངལ་རྩོལ་ལ་དགའ་ཞེན། རང་བྱུང་ཁམས་ལ་དགའ་ཞེན’བཅས་བྱས་ཏེ་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་དེ་སློབ་གྲྭའི་ལག་ལེན་ནང་མཉམ་འདྲེས་བྱས་ཐོག ངལ་རྩོལ་སློབ་ཚན་ཁྲོད་ནས་ཕྲུ་གུ་ཚོའི་སྤྱོད་ལམ་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་བྱས་ཏེ་རང་བྱུང་ཁམས་སྲུང་སྐྱོང་བྱེད་པའི་ལོ་ཆུང་གདོང་ལེན་རུ་མི་ཞིག་བྱེད་པར་ཁྲིད་སྟོན་བྱེད་ཀྱི་ཡིན”ཞེས་བརྗོད།