—— བོད་ལྗོངས་དིང་རི་རྫོང་དགུ་རུམ་གྲོང་ཚོའི་གེགས་རྗེས་བསྐྱར་སྐྲུན་གྱི་མཐོང་ཐོས།
གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 02ཚེས་03ཉིན། 13:42】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

འདི་ནི་དགུ་རུམ་གྲོང་ཚོའི་རྣམ་པ་གསར་པ་ཡིན་པ།

འདི་ནི་2025ལོའི་ཟླ་12ཚེས་11ཉིན་ཚེ་རིང་བུ་ཁྲིད་ཀྱིས་སྡོད་ཁང་གསར་པར་ནང་ལས་བྱེད་བཞིན་པ།

འདི་ནི་2025ལོའི་ཟླ་1ཚེས་12ཉིན་ཚེ་རིང་བུ་ཁྲིད(གཡས་ཀྱི་གསུམ་པ)དང་གཅེན་གཅུང་ཚོས་དགུ་ རུམ་གྲོང་ཚོའི་སྒྲོམ་ཁང་ནང་བརྙན་འཕྲིན་ལྟ་བཞིན་པ།མི་དམངས་དྲ་བའི་གསར་འགོད་པ་ཝུན་ཆི་ཡུས་ཀྱིས་པར་བརྒྱབ།
མི་དམངས་དྲ་བའི་གསར་འགོད་པ། ཧའོ་ཕིང་།
ཐོ་རེངས་མུན་པ་རིམ་བཞིན་གསལ་མ་ཐག ལོ་ན་17ལ་སོན་པའི་ཚེ་རིང་བུ་ཁྲིད་ཀྱིས་རང་ཁྱིམ་གྱི་བོད་བཟོའི་ཐོག་ཁང་ཆུང་ངུའི་སྒོ་རའི་ནང་གཙང་སྦྲ་བྱེད་བཞིན་ཡོད། སྒེའུ་ཁུང་གི་ཁྲ་མའི་ཐོག་བཀྲ་ཤིས་མཚོན་པའི་ཚོན་སྣའི་རི་མོ་དག་ཞོགས་པའི་ཉི་འོད་འོག་བཀྲག་མདངས་ལྷག་པར་འཚེར། དེ་དག་ལས་ས་མཐོའི་ཁྱིམ་ཚང་དེས་འཚོ་བ་གསར་པར་བཅངས་པའི་རེ་སྒུག་མཚོན་གྱི་ཡོད།
ལོ་གཅིག་གོང་གི་དུས་འདིར། ཡུལ་འདི་གར་གནོད་འཚེ་ཚབས་ཆེན་ཕོག་ཡོད། 2025ལོའི་ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ཡི་ཐོག་འབྲུག་སྒྲ་གྲགས་པ་ལྟར་གྱི་ལྡིར་སྒྲ་ཆེན་པོ་ཞིག་གིས་གངས་ལྗོངས་ས་མཐོའི་ལྷིང་འཇགས་ཀྱི་རྣམ་པ་དཀྲོག་ཡོད་དེ། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་བཟོས་ཡོད།
མི་རིང་བའི་གོང་། གསར་འགོད་པ་སླར་ཡང་ས་ཆ་དེར་སྐྱོད་སྐབས། ཚེ་རིང་བུ་ཁྲིད་ཀྱི་ངོ་གདོང་ནས་འཚེར་སྣང་དང་སྦྲགས། དགའ་སྤྲོའི་འཛུམ་མདངས་མངོན་བཞིན་པ་མཐོང་བྱུང་། ཁོང་གིས་གསར་འགོད་པར་ལོ་དེའི་ནང་ཞིག་རོ་ནས་སྡོད་ཁང་གསར་པའི་བར་དང་ཡིད་ཐང་ཆད་པ་ནས་རེ་བས་ཁེངས་པའི་བར་གྱི་གནས་ཚུལ་དག་གླེང་།
སྐྱོ་བའི་མིག་ཆུ།
ས་ཡོམ་བརྒྱབ་རྗེས་ཀྱི་འཇིགས་སྐྲག་དང་དྲོ་སྐྱིད།
ཚེ་རིང་བུ་ཁྲིད་ཀྱི་ཁྱིམ་ལ་ནང་མི་8ཡོད་དེ། པཱ་ལགས་དང་། ཨ་མ། ཁོ་མོ་རང་ཉིད། གཅུང་པོ་བཞི་དང་གཅུང་མོ་གཅིག་བཅས་ས་ཕག་ལས་གྲུབ་པའི་ཐོག་སོ་ཉིས་ལྡན་གྱི་ཁང་པ་རྙིང་པའི་ནང་བློ་བཟོད་བདེ་པོས་གཉིད་ལ་ཡུར་བའི་སྐབས་གློ་བུར་དུ་གང་སར་ཐལ་རྡུལ་གྱིས་ཁེངས་པ་དང་གས་ཆག་ཤོར་བའི་གདུང་མ་ཞིག་གིས་རང་ཉིད་མནན་པར་ལྟར་བྱུང་། “སྐབས་དེ་དུས་གང་ཞིག་བྱས་མིན་ཧ་གོ་བདེ་གོ་མེད་པར་གྱུར་སོང”དེ་མུར་དངངས་སྐྲག་གིས་སྐད་ཤུགས་ཆེན་པོས་ངུ་བཞིན་གསོན་འདོད་ཀྱིས་ཕྱིར་དོན་གང་ཐུབ་བྱས་པ་ཡིན་ཞེས་ཚེ་རིང་བུ་ཁྲིད་ཀྱིས་ཕྱིར་དྲན་བྱས་ནས་བཤད།
“སྐབས་དེ་དུས་ང་ཚོ་ཚང་མ་ཤི་རྒྱུ་རེད་སྙམ་བྱུང”ཞེས་སྐད་ཤུགས་ཆུང་ངུས་བཤད།
གང་མགྱོགས་རོགས་སྐྱོབ་བྱེད་མཁན་རི་ཀླུང་བརྒལ་ནས་གེགས་ཁུལ་དུ་སླེབས། རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་མདུན་ཕྱོགས་སུ་བསྐྱོད་པ་དང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག སྤྱི་བདེའི་མི་དམངས་ཉེན་རྟོག་པ། དེ་བཞིན་ཀྲུང་དབྱང་ཁེ་ལས་སོགས་རོགས་སྐྱོབ་སྟོབས་ཤུགས་ཀྱིས་རྗེས་སུ་དམ་པོར་འབྲངས་པ། གྲོང་ཚོའི་ཏང་ཡོན་ལས་བྱེད་པས་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཐུན་སྒྲིལ་འབད་འཐབ་བཅས་བྱས་པ་རེད།
ཕྱོགས་ཁག་གི་སྟོབས་ཤུགས་རྡོག་རྩ་གཅིག་ཏུ་སྒྲིལ་ནས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས།
ཉིན་དེའི་ཆུ་ཚོད་22ཡོལ་ཙམ་ལ། སྐར་ཚོགས་བཀྲ་བའི་མཁའ་དབྱིངས་འོག་གེགས་ཁུལ་དུ་རོགས་སྐྱོབ་དངོས་ཟོག་ཁག་དང་པོ་སྟེ། རྒྱལ་ཁབ་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་ཨུ་ལྷན་གཞུང་དོན་ཁང་དང་། འཕྲལ་སྡོམ་དོ་དམ་པུའུ། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་བཅས་ཀྱིས་བོད་ལ་ཛ་དྲག་ངང་གཏོང་སྤྲོད་བྱས་པའི་ཀྲུང་དབྱང་གི་རྒུད་སྐྱོབ་དངོས་ཟོག་སྲིང་བལ་གྱི་གུར་དང་སྲིང་བལ་གྱི་ཉལ་ཆས་5800ལྷག་ཙམ་དིང་རི་རྫོང་གི་ས་ཡོམ་གེགས་ཁུལ་དུ་འབྱོར།
གུར་སྔོན་པོ་སྟར་པ་དང་སྟར་པ་བྱས་ཏེ་ཞིག་རོའི་འགྲམ་དུ་མགྱོགས་མྱུར་བརྒྱབ་པ་དང་གུར་ནང་གང་མགྱོགས་གློག་འཁྲིད་དེ་གྲང་ངར་ཆེ་བའི་མཚན་མོ་དེ་དྲོ་སོབ་སོབ་དང་གསལ་ཐིང་ཐིང་ཡོང་བར་བྱས།
དེ་ཉིན། ཚེ་རིང་བུ་ཁྲིད་ཀྱི་ནང་མི་ཚོའང་ཡུལ་མི་གཞན་དག་དང་འདྲ་བར་ཉིན་དེའི་དགོང་མོར་གུར་ནང་སྤོས། “གུར་ནང་སྤོ་སྐབས་དགའ་པོ་བྱུང་ལ་བློ་མི་བདེ་བ་ཞིག་ཀྱང་བྱུང་། དགའ་པོ་བྱེད་དོན་ནི་ང་ཚོ་སྡོད་ས་ཞིག་བྱུང་བས་ཡིན་པ་དང་བློ་མི་བདེ་བ་བྱེད་དོན་ནི་གུར་གྱིས་དབྱར་ཁའི་ཆར་པ་འགོག་ཐུབ་ཨེ་ཡོང་སྙམ་པ་དེ་རེད”ཅེས་ཚེ་རིང་བུ་ཁྲིད་ཀྱིས་སྐད་ཤུགས་ཆུང་ངུས་བཤད།
ཉིན་གཉིས་པར། རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་གིས་གེགས་ཁུལ་གྱི་ལས་དོན་དེ་ཛ་དྲག་རོགས་སྐྱོབ་ནས་མང་ཚོགས་བཀོད་སྒྲིག་གི་དུས་མཚམས་སུ་བསྒྱུར་ཟིན་ཞེས་ཁྱབ་བསྒྲགས་བྱས་པ་དང་། ཁྱིམ་གཞིས་བསྐྱར་སྐྲུན་གྱི་རེ་བའི་མེ་ལྕེ་ས་མཐོ་འདིའི་ཐོག་ལྷམ་མེར་འབར།
སེམས་འགུལ་གྱི་མིག་ཆུ།
ཞིག་རོའི་ཐོག་རེ་བས་ཁེངས་པ།
2025ལོའི་ཟླ་1ཚེས་9ཉིན། དགུ་རུམ་གྲོང་ཚོར་ལྷགས་པ་ཆེན་པོ་བརྒྱབ་ནས་གང་སར་བྱེ་མས་ཁེངས་ཏེ་མིག་ཀྱང་གདང་མི་ཐུབ་རུང་བཀོད་སྒྲིག་བྱ་ཡུལ་དུ་ཚ་ཚ་འུར་འུར་ངང་འཛུགས་སྐྲུན་བྱེད་པའི་རྣམ་པ་ཞིག་མངོན།
ཛ་དྲག་ངང་རོགས་སྐྱོབ་བྱེད་པའི་དུས་མཚམས་བར་བརྒལ་བརྟན་པོ་བྱུང་བ་དང་བསྟུན་ནས་ཕྱོགས་ཁག་གིས་སྐོང་བསྡུ་བྱས་པའི་སྒྲོམ་ཁང་གི་རྒྱུ་ཆ་སྔ་རྗེས་སུ་གྲོང་ཚོར་དབོར་ཡོད། རྐོ་འདྲུའི་འཕྲུལ་འཁོར་གྱིས་ས་ངོས་སྙོམས་པ་དང་། ལྗིད་འདེགས་འཕྲུལ་འཁོར་གྱིས་སྒྲོམ་ཁང་གི་ལྷུ་ལག་དབོར་བ། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཆུ་གློག་ཅུས་གསུམ་པའི་བོད་ལྗོངས་ཀུང་སིའི་ལས་དོན་པས་ལས་བགོས་མཉམ་སྒྲུབ་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ལ་སྡོད་ཁང་གསར་པ་བརྒྱབ་པ་རེད།
དེ་དུས་ས་ཡོམ་བརྒྱབ་ནས་ད་དུང་ཆུ་ཚོད་72ཀྱང་འགོར་མེད།
སྒྲིག་ཆས་ཆེ་གྲས་ཀྱི་རོགས་རམ་འོག་མངོན་གསལ་དོད་པའི་སྒྲོམ་ཁང“སྐར་མ་10རེར་ཁང་མིག་རེ་བརྒྱབ་པ”དག་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་གྱུར།
ཚེ་རིང་བུ་ཁྲིད་ཀྱིས“སྐབས་དེ་དུས་གུར་གྱི་སྒོ་རྩར་ལངས་ནས་གང་མགྱོགས་སྒྲོམ་ཁང་ནང་སྤོ་ཐུབ་རེ་བྱས། སྐྱ་ཐེར་ཐེར་གྱི་ས་སྟོང་ཐོག་སྒྲོམ་ཁང་མང་དག་ཅིག་མགྱོགས་མྱུར་བརྒྱབ་པས་ཧང་སངས་བྱུང”ཞེས་སྐབས་དེ་དུས་ཀྱི་རྣམ་པར་དྲན་གསོ་བྱེད་བཞིན་བཤད།
སྒྲོམ་ཁང་དེ་དག་དྲོད་སྲུང་རང་བཞིན་དང་། ཡོམ་འགོག་རང་བཞིན། བདེ་འཇགས་རང་བཞིན་བཅས་ཚང་མ་གནས་སྐབས་བརྒྱབ་པའི་གུར་ལས་ཧ་ཅང་གི་ཡག་པ་ཡོད། སྒྲོམ་ཁང་རེའི་རྒྱ་ཁྱོན་སྨི་ངོས་གྲུ་18ཟིན་ཡོད།
2025ལོའི་ཟླ་1ཚེས་13ཉིན་དགུ་རུམ་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ཞིང་། གྲལ་སྟར་འགྲིག་པའི་སྒྲོམ་ཁང་གིས་དེ་གོང་སྐབས་འཕྲལ་ཏུ་བརྒྱབ་པའི་གུར་གྱི་ཚབ་བྱས་ཏེ་ས་མཐོའི་ཉི་འོད་འོག་དེ་བས་མངོན་གསལ་དོད་དུ་ཕྱིན།
ཉིན་གཅིག་གི་གོང་དུ་ཚེ་རིང་བུ་ཁྲིད་ནང་མི་ཚང་མ་ཡང་དྲོ་སྐྱིད་ལྡན་པའི་སྒྲོམ་ཁང་ནང་སྤོས་ཤིང་། ཕྲུ་གུ་ཚོས་བརྙན་འཕྲིན་གྱི་མདུན་དུ་རྒྱང་འཛིན་འཕྲོག་རེས་བྱེད་བཞིན་རང་རང་སོ་སོས་དགའ་པོ་བྱེད་པའི་འགུལ་རིས་བརྙན་འཕྲིན་ལ་ལྟ་བཞིན་ཡོད་པ་དང་། ཨ་མ་པ་སངས་ཀྱིས་འཁྲིས་སུ་ཉལ་ཆས་དང་གྱོན་ཆས་སོགས་བསྡུ་གསོག་རྒྱག་བཞིན་མཆིས།
ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་དུ་ཚེ་རིང་བུ་ཁྲིད་ཀྱི་མིག་ནང་གློ་བུར་དུ་མིག་ཆུས་ཁེངས་ཤིང་། ཁོང་གིས་མགོ་བོ་སྒུར་ཙམ་བྱས་ཏེ“ང་སྐད་ཆ་བཤད་མཁས་པོ་མེད། སེམས་གཏིང་ནས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་སྐད་ཤུགས་ཆུང་ངུས་བཤད།
བདེ་སྐྱིད་ཀྱི་མིག་ཆུ།
ཇོ་མོ་གླང་མའི་འདབས་ཀྱི་དྲོ་སྐྱིད་ལྡན་པའི་རྣམ་པ།
ལོ་གཅིག་གི་རྗེས་སུ་ཡང་བསྐྱར་དགུ་རུམ་གྲོང་ཚོར་བཅར་འདྲི་བྱེད་པར་བསྐྱོད།
རྒྱང་དུ་བལྟས་ཚེ་སྔོ་ཞིང་དྭངས་པའི་ནམ་མཁར་སྤྲིན་དཀར་རྒྱུ་ཞིང་རི་ལུང་གང་སར་ནོར་ལུག་གིས་ཁེངས་འདུག
གསར་འགོད་པ་ཐོག་སོ་གཉིས་ལྡན་གྱི་ཁང་པ་ཞིག་གི་མདུན་དུ་སླེབས་མ་ཐག་ཚེ་རིང་བུ་ཁྲིད་ཀྱིས་སྒོ་རའི་ནང་ནས་ལག་པ་གཡུགས་ཙམ་བྱས་རྗེས་མགྱོགས་པོ་བསུ་མར་སླེབས་བྱུང་།
མིག་མདུན་གྱི་ཐོག་སོ་ཉིས་ལྡན་གྱི་ཁང་པ་གསར་པ་དེ་ནི་ཚེ་རིང་བུ་ཁྲིད་ཀྱི་སྡོད་ཁང་གསར་པ་རེད། ཁང་པའི་ནང་སླེབས་སྐབས་བོད་བཟོའི་ཁྱིམ་ཆས་གྲལ་འགྲིག་པོས་བསྒྲིགས་འདུག་ལ་གྱང་ངོས་སུ་བཀལ་བའི་ཐང་གའི་ཚོན་མདོག་རྣམ་པར་བཀྲ་ཞིང་གང་སར་འཚོ་བ་གསར་པའི་རྣམ་པ་མངོན་འདུག
“གསོལ་ཇ་མཆོད”ཅེས་ཚེ་རིང་བུ་ཁྲིད་ཀྱིས་ཇ་བསྲུབས་མ་ཇ་དམ་གང་ཁྱེར་ཡོང་བ་དང་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར། ཁོང་ཡང་ལྕགས་ཐབ་ཀྱི་འགྲམ་དུ་བསྡད་དེ་གསར་འགོད་པ་དང་མཉམ་དུ་གེགས་རྗེས་ཀྱི་གནས་ཚུལ་སྐོར་གླེང་།
“ང་ཚོ་ནང་མི་8ལ་ཁང་པ་སྨི་ངོས་གྲུ་210བགོས་བྱུང”སྡོད་ཁང་གསར་པའི་ནང་ང་རང་དགའ་ཤོས་ནི་སྒོ་ར་ཡིན། ཉིན་མོར་ནང་མི་ཚང་མས་སྒོ་རའི་ནང་ཉི་མ་སྲོ་ཆོག་ལ་མཚན་མོར་ལམ་སྒྲོན་གྱི་གློག་འོད་སྒོ་རའི་ནང་འཕྲོས་ནས་གསལ་ཐིང་ཐིང་དུ་གྱུར་གྱི་འདུག་ཅེས་ཚེ་རིང་བུ་ཁྲིད་ཀྱིས་འཛུམ་དམུལ་དམུལ་ངང་བཤད།
བཤད་མཚམས་འདིར་སླེབས་དུས་ཁོང་གིས་ཁང་པའི་ནང་ལ་མིག་ལྟ་ཞིག་བྱས་རྗེས“རང་ཉིད་ཁང་པ་འདི་ལྟ་བུའི་ནང་སྡོད་རྒྱུ་བྱུང་བ་རྨི་ལམ་དུའང་འཁོར་མྱོང་མེད”ཅེས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བཤད།
“གོམས་ཀྱི་འདུག་གམ”ཞེས་གསར་འགོད་པས་དྲིས།
ཚེ་རིང་བུ་ཁྲིད་ཀྱིས་མགོ་བོ་ལྕོག་ལྕོག་བྱེད་བཞིན་དུ“སྔོན་མ་ལས་སྟབས་བདེ་རུ་ཕྱིན་འདུག དེ་གོང་གཟུགས་པོ་འཁྲུ་བར་རྫོང་གྲོང་དུ་འགྲོ་དགོས། ད་ཆ་ཁྱིམ་དུ་གཟུགས་པོ་འཁྲུ་ཆོག་གི་འདུག དེ་གོང་ཁ་ལག་བཟོ་དུས་ཕྱི་རུ་ཆུ་ལེན་པར་འགྲོ་དགོས། ད་ཆ་ཐབ་ཚང་ནང་དུའང་ཆུ་ཀ་ལ་ཁྲིད་ཡོད་པས་དངོས་གནས་སྟབས་བདེ་པོ་འདུག”ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གེགས་རྗེས་བསྐྱར་སྐྲུན་ནི་ས་ཚིགས་མང་བ་དང་། ལམ་ཐིག་རིང་བ། ཁྱབ་རྒྱ་ཆེ་བ་བཅས་ཡོད་པ་མ་ཟད། དེ་བས་ཀྱང་གྲང་ངར་ཆེ་ཞིང་གསོ་རླུང་དཀོན་པ་དང་ས་གཤིས་ཀྱི་ཆ་རྐྱེན་རྙོག་འཛིང་ཆེ་བ་སོགས་ཀྱི་འགྲན་སློང་གི་ཛ་དྲག་མང་པོར་ཁ་གཏད་བཅག་ཡོད།
“འདི་ནི་བོད་ཀྱིས་གཅིག་སྡུད་ཐོག་ལག་ལེན་བསྟར་བའི་གེགས་རྗེས་བསྐྱར་སྐྲུན་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་ལས་གྲྭ་ཞིག་རེད”ཅེས་གཞིས་རྩེ་གྲོང་ཁྱེར་གེགས་རྗེས་སླར་གསོ་བསྐྱར་སྐྲུན་མདུན་ཕྱོགས་བཀོད་འདོམས་པུའུ་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་དང་། ཁོང་གིས་ས་ཡོམ་བརྒྱབ་རྗེས་ཀྱི་ཉིན་3ཁོ་ནའི་རིང་སླར་གསོ་བསྐྱར་སྐྲུན་གྱི་ཇུས་གཞི་བཟོ་བའི་ལས་དོན་ཛ་དྲག་ངང་སྤེལ་འགོ་ཚུགས་པ་དང་། ཟླ་3པའི་ཟླ་འགོར་འཛུགས་སྐྲུན་བྱེད་འགོ་ཚུགས་ནས་ལས་འགོ་བཙུགས་པ་རེད། ཟླ་6པར་གྲོང་ཚོ་ཁག་གི་བསྐྱར་སྐྲུན་རྣམ་གྲངས་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་དང་། ཟླ་10པའི་ཟླ་མཇུག་ཏུ་སླེབས་སྐབས་སྡོད་ཁང་གསར་པ་ཚང་མ་བསྐྲུན་ཟིན་ནས་བདེ་བླག་ངང་རྩིས་སྤྲད་པ་རེད་ཅེས་བཤད།
ཕྱོགས་ཁག་གིས་མཉམ་དུ་འགག་སྒྲོལ་བྱས་པ་བརྒྱུད། ད་ཐེངས་ཀྱི་བསྐྱར་སྐྲུན་རིང་མཐར་སྒེར་ཁང་ཁྲི་2.2བསྐྱར་སྐྲུན་བྱས་པར་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་310ཟིན་པ་མ་ཟད། དུད་ཚང་ཁྲི་1.05ཡི་སྒེར་ཁང་ཉམས་བཟོ་དང་བརྟན་དུ་བཏང་བས“གནོད་འཚེ་ཕོག་པའི་ལོ་དེ་རང་དུ་སྡོད་ཁང་གསར་པར་སྤོ་ཐུབ་པའི”བསྐྱར་སྐྲུན་དམིགས་ཚད་མངོན་འགྱུར་བྱུང་ཡོད།
སྒོ་རའི་ནང་ཚེ་རིང་བུ་ཁྲིད་དང་ཨ་མས་ཙག་ཙིག་ལས་ལ་གཞོལ་ཞིང་། མཚམས་རེར་བ་ཚང་ནང་དུ་ཕྱིན་ནས་འོ་མ་འཇོ་བ་དང་། མཚམས་རེར་པང་རས་བཏགས་ནས་ཐབ་ཚང་དུ་ལྟོ་ཆས་བཟོ་བར་བྲེལ། ཁྱིམ་ནང་གི་བུ་མོ་ཆུང་ཤོས་ཀྱིས་འཁྱར་འཁྱོར་གྱི་གོམ་པ་སྦྱོང་བཞིན་ཡོད་པ་དང་། བུ་ཕྲུག་ཚོ་དགའ་བའི་རྩེད་མོར་རོལ་བཞིན་ཡོད། ཐབ་ཚང་དང་ཚོམས་ཆེན་ནང་ཇ་བསྲུབས་མ་དང་ཁ་ལག་གི་དྲི་ཞིམ་གྱིས་ཁེངས་པ་སོགས། སེམས་ལ་དྲོ་སྐྱིད་སྦྱིན་པའི་རྣམ་པ་དེ་མཐོང་སྐབས་ཚེ་རིང་བུ་ཁྲིད་ཀྱི་མིག་ནང་དགའ་བའི་མཆི་མས་བརླན།