གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 01ཚེས་28ཉིན། 14:26】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་26ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་སྤྱི་ཚོགས་འབྲེལ་འདྲིས་ལས་སྟེགས་ཐོག་ཡི་གེ་སྤེལ་ནས། ཉེ་ཆར་ལྷོ་ཁོ་རེ་ཡའི་རྒྱལ་ཚོགས་ཀྱིས་ཨ་རི་དང་བཞག་པའི་ཉོ་ཚོང་གྲོས་མཐུན་ལ་ཆོག་མཆན་མ་སྤྲད་པས། ཨ་རི་ཕྱོགས་ཀྱིས་ལྷོ་ཁོ་རེ་ཡའི་ཚོང་ཟོག་ལ་སྒོ་ཁྲལ་གྱི་ཁྲལ་ཚད་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
ཐེ་རོན་ཕུའུ་ཡིས་ལྷོ་ཁོ་རེ་ཡའི་ཁྲིམས་འཛུགས་སྒྲིག་གཞིས“ཨ་རི་དང་བཞག་པའི་གྲོས་མཐུན་ལག་བསྟར་བྱེད་མ་ཐུབ”ཅེས་དང་། གྲོས་མཐུན་དེ་ནི་ཁོང་དང་ལྷོ་ཁོ་རེ་ཡའི་ཙུང་ཐུང་ལི་ཙེ་མིང་ཀས་2025ལོའི་ཟླ་7ཚེས་30ཉིན་བཞག་པ་ཞིག་ཡིན་པ་མ་ཟད། 2025ལོའི་ཟླ་10ཚེས་29ཉིན་ལྷོ་ཁོ་རེ་ཡར་འཚམས་འདྲི་བྱེད་སྐབས་སླར་ཡང་གཏན་འཁེལ་བྱས་པ་ཞིག་རེད་ཅེས་བཤད་པ་རེད།
ཐེ་རོན་ཕུའུ་ཡིས་བསྟན་དོན། ལྷོ་ཁོ་རེའི་ཕྱོགས་ཀྱིས“ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཚོང་དོན་གྲོས་མཐུན”དེར་གྲོས་འཆམ་བྱས་མེད་པར་གཞིགས་ནས་ཁོས་ལྷོ་ཁོ་རེ་ཡའི་རླངས་འཁོར་དང་། ཤིང་ཆ། སྨན་རྫས། དེ་བཞིན་འདྲ་མཚུངས་ཀྱི་སྒོ་ཁྲལ་རྣམ་གྲངས་གཞན་དག་བཅས་ཀྱི་ཁྲལ་ཚད་15%ནས་25%བར་མཐོ་རུ་གཏོང་རྒྱུའི་ཐག་བཅད་ཡོད།