གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 01ཚེས་13ཉིན། 13:42】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཉེ་ཆར་རྔ་བ་ཁུལ་ཨུས་ཆོག་མཆན་བཀོད་པ་བརྒྱུད། རྔ་བ་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི་དེ་སྔའི་ཏང་ཨུའི་ཨུ་ཡོན་དང་སློབ་གཙོ་དབང་ཚེ་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལས་ཚབས་ཆེན་འགལ་བའི་གནད་དོན་ལ་གྱོད་དོན་ཐོ་འགོད་དང་ཞིབ་བཤེར་བརྟག་དཔྱད་བྱས་པ་རེད།
བརྟག་དཔྱད་བྱས་དོན། དབང་ཚེའི་ཕུགས་བསམ་དང་དད་སེམས་ཤོར་བ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་དོར་བ། སྒྲིག་ཁྲིམས་ཀྱི་འདུ་ཤེས་ཞན་པ། ལས་གནས་ཐོག་གི་སྟབས་བདེ་སྤྱད་དེ་རྣམ་གྲངས་འགན་ལེན་དང་སྒྲིག་ཆས་ཉོ་སྒྲུབ་སོགས་ཀྱི་ཐད་མི་གཞན་ལ་ཁེ་ཕན་དོན་གཉེར་བྱས་པ་དང་རྒྱུ་དངོས་བླངས་ཤིང་། གྲངས་འབོར་ཧ་ཅང་མང་།
དབང་ཚེ་ཡིས་ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་ཚབས་ཆེན་འགལ་ནས་ལས་ཐོག་ཁྲིམས་འགལ་ཚབས་ཆེན་བྱས་པ་དང་། ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་པ་ཡོད་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ་ཚོད་མི་འཛིན་ཅིང་མཚམས་མི་འཇོག་པ་དང་། ངོ་བོ་ཚབས་ཆེན་དང་ཤུགས་རྐྱེན་ངན་པ་བཟོས་པས་ཐག་གཅོད་ནན་པོ་བྱ་དགོས། 《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་དོན་མི་སྣའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རྔ་བ་ཁུལ་སྒྲིག་ཁྲིམས་ཨུ་ལྷན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་། རྔ་བ་ཁུལ་ཨུ་ལ་ཆོག་མཆན་ཞུས་པ་བརྒྱུད་དབང་ཚེ་ལ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་གཏོང་བའི་ཆད་པ་གཅོད་རྒྱུའི་ཐག་བཅད་པ་དང་། རྔ་བ་ཁུལ་ལྟ་སྐུལ་ཨུ་ལྷན་གྱིས་ཁོ་ལ་གཞུང་ལས་ནས་ཕྱིར་འབུད་གཏོང་བའི་ཆད་པ་གཅོད་རྒྱུ། ཉེས་གསོག་དོགས་ཡོད་ཀྱི་གནད་དོན་དེ་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་དང་ཁྲིམས་སྦྱོར་བྱ་རྒྱུར་སྤྲོད་རྒྱུ་དང་། དེ་དང་འབྲེལ་ཡོད་ཀྱི་རྒྱུ་དངོས་མཉམ་དུ་རྩིས་སྤྲོད་བྱེད་རྒྱུ་ཡིན།