འཚོལ་བཤེར།   
藏文频道
2026ལོའི་ཟླ་1ཚེས་11ཉིན།

༄༅།།ཐོག་མའི་བསམ་འདུན་སྙིང་ཁར་བཅངས། མཐའ་མཚམས་བདེ་འཇགས་སྲུང་བར་འབད།

——“ས་མཐོར་རྒྱལ་ཁབ་བདེ་འཇགས་སྲུང་བའི”སྐོར་རགས་ཙམ་བཀོད་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 01ཚེས་11ཉིན། 16:05】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     འདི་ག་ཚགས་པར་གྱི་གསར་འགོད་པ། ཆི་ཡུས་ཁུན།

     ཡུན་ནན་ཁུན་མིང་དུ་2025ལོའི་ལོ་འཁོར་གྱི་དུས་ཐེངས་གཉིས་པའི“ཡུན་ལིང་གི་དཔེ་བཟང་བ”ཁྱབ་བསྒྲགས་བྱེད་པའི་མཛད་སྒོའི་ཐོག་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་རྒྱལ་ཁབ་བདེ་འཇགས་ཅུས་ཡན་ལག་རུ་ཁག་གཉིས་པའི་རུ་དཔོན་བློ་བཟང་བཀྲ་ཤིས་ལ“ཡུན་ལིང་གི་དཔེ་བཟང་བའི”མཚན་སྙན་ཐོབ་ཡོད།

     དམིགས་བསལ་གྱི་འགན་འཁྲི་དང་ལས་འགན་ཕྲག་ཏུ་འཁུར་ནས་བློ་བཟང་བཀྲ་ཤིས་ཀྱིས་མིང་མེད་དཔའ་བོ་ཞིག་བྱེད་པར་བརྩོན། ལོ་བཅུ་ལྷག་ཙམ་རིང་གི་ཉེན་རྟོག་པའི་འཚོ་བའི་ནང་ཁོང་ཡུན་ནན་གྱི་ས་བབ་མཐོ་ཤོས་དང་ཆ་རྐྱེན་དཀའ་ཚེགས་ཆེ་ཤོས་ཀྱི་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་ནས་མཐའ་མཚམས་ས་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པའི་དངོས་ཡོད་ཀྱི་འཐབ་རྩོད་གལ་ཆེན་ཁྲོད་གདོང་མཆོངས་བྱེད་བཞིན་མཆིས།

     “རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པའི་ལས་དོན་ལ་ཆ་རྐྱེན་ཡོད་དུས་སྒྲུབ་དགོས་ལ་ཆ་རྐྱེན་མེད་ཀྱང་ཆ་རྐྱེན་བསྐྲུན་ནས་སྒྲུབ་དགོས”

     སློབ་ཡོན་གསོག་ཆེད་བློ་བཟང་བཀྲ་ཤིས་ཀྱིས་ཆུང་དུས་དཀའ་སྡུག་མང་པོ་མྱངས་ཡོད། ཏང་དང་སྲིད་གཞུང་གི་རོགས་རམ་འོག ཁོང་རི་ཁུག་ནས་བྲལ་ཏེ་གྲོང་ཚོའི་སློབ་གྲྭ་ཆེ་མོ་བ་དང་པོར་གྱུར་པ་དང་། རྗེས་སུ་གཟི་བརྗིད་ལྡན་པའི་མི་དམངས་ཉེན་རྟོག་པ་ཞིག་ཏུ་གྱུར། “ང་ཚོས་ཏང་གི‘འབྲུ་རིགས’མང་པོ་དང་ལེན་ཞུས་ཡོད་པས། ཁྱེད་ཀྱིས་ཀྱང་བྱ་བ་དངོས་མང་ཙམ་བསྒྲུབས་ཏེ། འབྲུ་རིགས‘རྩམ་པར’བརྗེས་ནས་ཏང་ལ་དྲིན་ལན་འཇལ་དགོས”ཞེས་པའི་ཨ་མའི་བསླབ་བྱ་ལས་ཁོང་ལ་དུས་དང་རྣམ་པ་ཀུན་ཏུ་སྐུལ་ལྕག་ཆེན་པོ་ཐེབས་ཡོད།

     ལོ་འགའི་སྔོན་དུ། ཀྲུང་གོར་ངོ་རྒོལ་བྱེད་མཁན་ཕྱི་རྒྱལ་གྱི་དགྲར་ཡའི་ཕྱོགས་གཏོགས་ཀྱིས་བསླངས་པའི་གྱོད་གཞི་ཞིག་གིས་དམག་འཐབ་ལན་བརྒྱར་ཞུགས་མྱོང་བའི་ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་གི་ཁོངས་མིར་དཀའ་ངལ་ཆེན་པོ་བཟོས་ཡོད། ཕྱི་རྒྱལ་ཕྱོགས་གཏོགས་ཀྱིས་བོད་རིགས་མང་ཚོགས་ཀྱི་དངུལ་མགོ་སྐོར་བཏང་ནས་རང་རྒྱལ་གྱི་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྤེལ་བར་རོགས་རམ་བྱེད་རྒྱུའི་ལྐོག་གཡོ་བཤམས། གྱོད་གཞི་དེར་སྔོན་དཔེའི་གཞི་འཛིན་ས་མེད་པ་དང་། མ་དངུལ་གྱི་འགྲོ་ལམ་ཁ་གསལ་པོ་མེད་པ། མ་དངུལ་འགྲོ་ཕྱོགས་ཧ་ཅང་རྙོག་འཛིང་ཆེ་བ། དཔང་རྟགས་འཚོལ་དཀའ་བ་བཅས་ལས་མྱུལ་ཞིབ་ཧ་ཅང་བྱེད་དཀའ་བའི་གནས་སུ་གྱར་ཡོད།

     ཁྲིམས་འགལ་ངང་བསྡུ་རུབ་བྱས་པའི་མ་དངུལ་ཕྱི་རྒྱལ་དུ་གྲམ་པའི་ཉེན་ཁ་འཕྲད་པ་དེ་རྒྱལ་ཁབ་བདེ་འཇགས་དང་སྤུན་ཟླའི་འཚོ་གནས་དང་འབྲེལ་བ་ཡོད་པས། གྱོད་གཞི་ཐག་གཅོད་བྱ་རྒྱུ་དེ་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་ལ་གྱུར་ཡོད་ལ། ཁམས་པའི་ཕོ་གཞོན་དེས་ཀྱང་འཕྲལ་མ་ཉིད་དུ་གྱོད་གཞི་རྩད་གཅོད་བྱེད་རྒྱུའི་རེ་འདུན་ཞུས།

     ཐོག་མར་ཁོང་ཚོས་དེ་སྔའི་ཉམས་མྱོང་ལ་གཞིགས་ནས་ཕྱི་རོལ་གྱི་ཁུངས་སྣེར་དམ་པོར་དམིགས་ཏེ་གནས་ཚུལ་རེ་རེ་བཞིན་གྲལ་བཤེར་བྱས་པ་རེད། “ཟླ་བ་གསུམ་རིང་ཉིན་མཚན་མེད་པར་ཞིབ་བཤེར་བྱས་ཀྱང་ངལ་བ་འབྲས་མེད་དུ་གྱུར” དེ་རྗེས་བློ་བཟང་བཀྲ་ཤིས་ཀྱིས་འཕྲལ་ཐག་ཆོད་པོས་བསམ་གཞིག་བྱེད་སྟངས་བསྒྱུར་བ་དང་བྱ་ཐབས་སྣ་ཚོགས་ཕྱོགས་བསྡུས་ཐོག་སྤྱད་དེ་མི་སྣ་དང་ལག་རྩལ་གང་ཡོད་སྤྱད་ནས་རྒྱལ་ནང་དང་ཕྱི་རྒྱལ་དུ་གནས་ཚུལ་ཆ་ཚང་རྩད་གཅོད་བྱས་པ་རེད།

     ཟླ་བ་དྲུག་རིང་། ཆ་འཕྲིན་ཁག་ཁྲི་10ལྷག་ཙམ་ལ་ཞིབ་བཤེར་བྱས་ཀྱང་། ཆ་འཕྲིན་གང་ཞིག་གི་ཁྲོད་ཁུངས་སྣེ་ཡོད་པ་སུས་ཀྱང་ཤེས་མེད། ཁོང་གིས་གྲངས་གཞིར་དབྱེ་ཞིབ་དང་ཞིབ་བསྡུར་བྱས་པས། མཐར་ཉེས་གསོག་དོགས་ཅན་གཏན་འཁེལ་གང་ལེགས་བྱུང་བ་དང་གྱོད་གཞི་དང་འབྲེལ་བ་ཡོད་པའི་མི་སྣར་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་ཏེ། ཕྱི་རྒྱལ་གྱི་ཕྱོགས་གཏོགས་ལ“ཁྲིམས་འགལ་ངང་གནས་ཚུལ་མཁོ་འདོན་བྱེད་པའི”ཐབས་ལམ་བཅད་པས། མཐའ་མཚམས་ས་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་བསྲུངས་ཐུབ་པ་མ་ཟད། མང་ཚོགས་ཀྱི་དཔལ་འབྱོར་ལའང་གྱོང་གུན་ཕོག་མེད་པ་རེད།

     “དཀའ་ཚེགས་ཧ་ཅང་ཆེ་བའི་ས་ཆ་དེའང་མེས་རྒྱལ་གྱི་མངའ་ཁོངས་ཡིན་པས་སྲུང་སྐྱོང་བྱེད་མཁན་དགོས་ངེས་རེད”

     ཐེངས་ཤིག་ཕྱི་རྒྱལ་ཕྱོགས་གཏོགས་ཀྱི་གཏོར་བཤིག་གཏོང་བའི་ལྐོག་གཡོ་ཞིག་མྱུལ་ཞིབ་པས་ཤེས་ཤིང་། དེ་ནི་ས་གནས་དེ་གའི་སྤྱི་ཚོགས་བརྟན་ལྷིང་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་འབྲེལ་བ་ཡོད།

     “ཞིབ་བཤེར་བྱེད་དགོས” ཕ་རོལ་པོར་མི་གྲངས་མང་པོ་ཡོད་པ་དང་མདུན་ཕྱོགས་སུ་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པ་ཤེས་བཞིན་དུ་བློ་བཟང་བཀྲ་ཤིས་ཀྱིས་སྔར་བཞིན་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་མདུན་དུ་བསྐྱོད། ཁོང་གིས་ཚོགས་པའི་རུ་སྣེ་ཁྲིད་དེ་རི་ཀླུང་བརྒལ་ནས་དགྲ་བོ་སྤྱི་ལེ་200ལྷག་ཙམ་བར་རྗེས་འདེད་བཏང་བ་རེད།

དགྲ་བོ་མང་པོའི་མདུན་དུ་བློ་བཟང་བཀྲ་ཤིས་ཀྱིས་ཕྱོགས་གཅིག་ནས་དཔང་ལེན་སྒྲིག་ཆས་ལ་སྲུང་སྐྱོང་གང་ལེགས་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་དགྲ་བོ་མགོ་བོ་འཁྱིར་དུ་བཅུག་པ་དང་། ཆེད་ལས་ཀྱི་བྱང་ཚད་དང་འཐབ་རྩོད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོར་བརྟེན་ནས། མཐར་དཔང་རྟགས་བླངས་ནས་བདེ་བླག་ངང་ལོག་ཐུབ་པ་བྱུང་བ་རེད།

རྒྱལ་ཁབ་ཀྱི་ཁེ་ཕན་གང་དུ་རྒྱ་བསྐྱེད་ན་རྒྱལ་ཁབ་བདེ་འཇགས་ཀྱི་ས་མཚམས་ཀྱང་དེ་བཞིན་རྒྱ་སྐྱེད་དགོས།

དགུན་ཨ་རང་ད་རང་གི་སྐབས་སུ། མཚོ་སྔོན་གཙང་གསུམ་ཆུ་འགོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་30བར་ཆག་པ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྒྱལ་ཁབ་བདེ་འཇགས་ཅུས་ཀྱི་ལས་བྱེད་ཉེན་རྟོག་པས་གསོ་རླུང་དམ་བི་ཁྱེར་ནས་འཁྱགས་པ་ཐེབས་པའི་འདམ་རའི་སྟེང་ཉིན་ཁ་ཤས་བསྟུད་མར་བསྐྱོད། ད་ཐེངས་ཁོང་ཚོས་རྗེས་འདེད་གཏོང་བཞིན་པ་ནི་རང་རྒྱལ་དུ་ཁྲིམས་འགལ་ངང་སྐྱེ་ཁམས་ཀྱི་གཞི་གྲངས་བསྡུ་རུབ་བྱེད་མཁན་ཕྱི་རྒྱལ་གྱི་མི་ཚོགས་ཤིག་རེད།

“སྐྱེ་ཁམས་ཀྱི་གྲངས་གཞི་རེ་རེ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་གསང་གྲངས་རེ་རེ་ཡིན” ཉེན་རྟོག་པ་ཚོས་གྲང་ངར་ཤིན་ཏུ་ཆེ་བའི་ཁོར་ཡུག་ཁྲོད་དུ་རྒྱུན་མཐུད་ནས་རྗེས་འདེད་བྱས་ཏེ། ཁྲིམས་འགལ་གྱི་བརྒྱུད་གཏོང་སྦྲེལ་ལམ་བཅད་ནས་ཚོགས་པ་དེའི་ཉེས་གསོག་དཔང་རྟགས་གཏན་འཁེལ་གང་ལེགས་བྱས། རྩད་ཆོད་པའི་ཁྲིམས་འགལ་གྱི་ངེས་གནས་སྒྲིག་ཆས་དང་ཚོར་སྣང་སྐྱེན་པའི་སྐྱེ་ཁམས་གྲངས་གཞི་འབྲེལ་ཡོད་སྡེ་ཚན་ལ་རྩིས་སྤྲོད་སྐབས། ཆ་སྙོམས་ལོ་28ལ་སླེབས་ཙམ་གྱི་བྱ་སྤྱོད་ཚོགས་ཆུང་གི་རུ་མི་ཚོས་ས་བབ་སྨི་4500ཡན་གྱི་ས་མཐོའི་ལྟེ་བའི་ཁུལ་དུ་ཉིན་40ལྷག་ཙམ་འབད་འཐབ་བྱས་ཡོད་པ་རེད།

“དཀའ་ཚེགས་ཧ་ཅང་ཆེ་བའི་ས་ཆ་དེའང་མེས་རྒྱལ་གྱི་མངའ་ཁོངས་ས་ཆ་ཡིན་པས་སྲུང་སྐྱོང་བྱེད་མཁན་དགོས་ངེས་རེད། དཀའ་ངལ་ཧ་ཅང་ཆེ་བའི་ལས་དོན་ཞིག་ཡིན་ཡང་ཏང་གི་ལས་འགན་ཡིན་པས་ལེགས་སྒྲུབ་བྱེད་མཁན་ཡོད་དགོས” རྒྱལ་ཁབ་བདེ་འཇགས་པུའུ་གསར་འགྱུར་གཞུང་དོན་ཁང་གི་འགན་འཁུར་བས། འདི་ནི་མགོ་ལོག་རྒྱལ་ཁབ་བདེ་འཇགས་ཀྱི་ལས་བྱེད་ཉེན་རྟོག་པའི་བསམ་འདུན་རེད་ལ། རྒྱལ་ཁབ་བདེ་འཇགས་ཀྱི་ལས་བྱེད་ཉེན་རྟོག་པ་ཚོའི་བརྗིད་ཆེའི་ཁས་ལེན་ཞིག་དེ་བས་རེད། གངས་ལྗོངས་ས་མཐོའི་སྒྲ་མེད་གཡུལ་སར་ཁོང་ཚོས་ལང་ཚོ་དང་ཚེ་སྲོག་ལ་བརྟེན་ནས་རྒྱལ་ཁབ་བདེ་འཇགས་ཀྱི་འཐབ་འཛིང་པའི་འགན་སེམས་གང་ལེགས་མཚོན་པར་བྱས་ཡོད།

“རྒྱལ་ཁབ་བདེ་འཇགས་ཀྱི‘བརྗོད་གཞི་ཆེན་པོ’ དེ་འབྲོག་པ་ཚོའི‘བྱ་སྤྱོད་ཆུང་ཆུང’ལ་བསྒྱུར་བ”

ཉེ་བའི་ལོ་ཤས་རིང་། ལྷོ་ཁ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་བསྒྲགས་བྱེད་པ་དེ་ཡུན་རིང་གི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཏུ་བརྩིས་ནས། བོད་ཀྱི་གཞས་མ་གཏམ《རྒྱལ་ཁབ་ཀྱི་བདེ་འཇགས་ནམ་ཡང་སེམས་སུ་འཆང》ཞེས་པ་སོགས་ཀྱི་ཁྱད་ལྡན་དྲིལ་བསྒྲགས་ལེ་ཚན་བཟོས་ཏེ། གནད་སྨིན་ཐིགས་འདྲེན་དང་བསེར་བུས་ཆར་ཁྲིད་པའི་རྣམ་པར་བརྟེན་ནས། གངས་ལྗོངས་མཐའ་མཚམས་སུ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི“འགོག་སྲུང་དྲ་བ”ཚགས་དམ་ཞིང་བརྟན་པོ་ཞིག་བཟོས་ཡོད་པ་རེད།

ད་ཆ་རྒྱལ་ཁབ་བདེ་འཇགས་སྐོར་གྱི་ཤེས་བྱ་ཟམ་མི་ཆད་པར་ཁྱབ་གདལ་འགྲོ་བ་དང་བསྟུན་ནས། 12339རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ཐེར་འདོན་བདག་སྤྲོད་ཁ་པར་ཤེས་མཁན་མང་དུ་ཤུགས་ཆེན་ཕྱིན་ཏེ། ས་མཐོའི་མང་ཚོགས་ཀྱིས་རྒྱུན་དུ་གླེང་བའི“བདེ་འཇགས་གསང་གྲངས”ཤིག་ཏུ་གྱུར་ཡོད།

ཉིན་ཞིག མི་རྒྱུས་མེད་གཉིས་ཀྱིས་པར་ཆས་བཟུང་ནས་རྒྱང་རིང་གི་དམག་དོན་སྒྲིག་བཀོད་ལ་པར་རྒྱག་པ་ཕྱུགས་འཚོ་བཞིན་ཡོད་པའི་མཐའ་མཚམས་གྲོང་ཚོའི་ཡུལ་མི་དོན་གྲུབ་ཀྱིས་མཐོང་བ་དང་། ཁོང་གིས་དེ་མུར་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་པས་བཤད་པའི་གྱོད་དཔེ་དྲན་ནས་ལམ་སེང་12339ལ་ཁ་པར་བརྒྱབ་པ་རེད།

ཐེར་འདོན་འབྱོར་རྗེས། ལྷོ་ཁ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་འཕྲལ་དུ་གྱོད་སྒྲུབ་དང་ལེན་ལམ་སྲོལ་ལག་བསྟར་བྱས་ཏེ་ཁུངས་སྣེར་དབྱེ་ཞིབ་དང་བརྡར་གཅོད་བྱས་པ་རེད། གྱོད་སྒྲུབ་པས་དེང་རབས་ཀྱི་ལག་རྩལ་བྱ་ཐབས་སྤྱད་དེ་དོགས་ཡོད་མི་སྣའི་ཐོབ་ཐང་ཆ་འཕྲིན་ལ་ཞིབ་བཤེར་དང་དཔྱད་བསྡུར་བྱས་ཏེ་དུས་ཐུང་ནང་དོགས་ཡོད་མི་སྣ་གཏན་འཁེལ་བྱས་པ་དང་། དོགས་ཡོད་མི་སྣས་བསྐྱར་དུ་ཁྲིམས་འགལ་ངང་པར་རྒྱག་སྐབས་འཕྲལ་དུ་བཟུང་པ་རེད།

“རྒྱལ་ཁབ་བདེ་འཇགས་ཀྱི་ལས་བྱེད་ཉེན་རྟོག་པས་མང་ཚོགས་ཀྱིས་གོ་བདེ་ཞིང་རྟོགས་སླ་བའི་སྐད་ཆའི་ཐོག་ནས་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་བཏང་སྟེ། རྒྱལ་ཁབ་བདེ་འཇགས་ཀྱི‘བརྗོད་གཞི་ཆེན་པོ’དེ་འབྲོག་པ་ཚོའི‘བྱ་སྤྱོད་ཆུང་ཆུང’ལ་བསྒྱུར་ནས། རྒྱལ་ཁབ་བདེ་འཇགས་ཐད་ཀྱི་གཞི་རིམ་གྱི་འགོག་སྲུང་འཛིང་རགས་བརྟན་དུ་ཏན་ཏིག་བཏང་ཡོད། རྒྱལ་ཁབ་བདེ་འཇགས་པུའི་གསར་འགྱུར་གཞུང་དོན་ཁང་གི་འགན་འཁུར་བས། གསར་གཏོད་ལག་ལེན་རབ་དང་རིམ་པ་བྱས་པ་བརྒྱུད། མཐའ་མཚམས་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ནང་ཞུགས་པའི་དམངས་ཡོངས་ཀྱི་སྤྲོ་སེམས་འཕེལ་བར་བྱས་ཡོད་ཅེས་བརྗོད།