གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 01ཚེས་09ཉིན། 14:17】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ས་གནས་དེ་གའི་དུས་ཚོད་ཚེས་8ཉིན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་དབྱི་རན་གྱི་ཟིང་ཆའི་དོན་རྐྱེན་ལ་དམིགས་ནས་སླར་ཡང་འཇིགས་སྐུལ་བྱས་པ་དང་། ཁོ་པས་གལ་སྲིད་ད་དུང་མི་སྣ་ཤི་རྨས་བྱུང་ཚེ་ཨ་རིས་དབྱི་རན་ལ་“རྡུང་རྡེག་ཚ་ནན་གཏོང་རྒྱུ་ཡིན་”ཞེས་བཤད་པ་རེད།
ཐེ་རོན་ཕུས་ཉིན་དེར་རླུང་འཕྲིན་ལས་ཁུངས་ཤིག་གི་བཅར་འདྲི་དང་ལེན་བྱེད་སྐབས་ཨ་རིས་དབྱི་རན་དུ་ཟིང་ཆ་ལངས་པའི་དོན་རྐྱེན་ལ་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད་ཅེས་དང་། ཁོ་པས་“མི་སྣ་གང་རུང་ཞིག་གི་འགན་འཁྲི་རྩད་གཅོད་མཐར་ཕྱིན་པ་བྱེད་དགོས་མིན་གཏན་འཁེལ་མི་ཐུབ་”ཅེས་བཤད་པ་དང་། གལ་སྲིད་དབྱི་རན་དབང་འཛིན་ལས་ཁུངས་ཀྱིས་འབྲེལ་ཡོད་མི་སྣ་ཤི་རྨས་བྱུང་བའི་དོན་རྐྱེན་ལ་ཐད་ཀའི་འགན་འཁྲི་ཡོད་ཚེ་“ཁོ་ཚོར་གྱོང་གུན་ཆེན་པོ་ཕོག་རྒྱུ་རེད་”ཅེས་བཤད་པ་རེད།
གནས་ཚུལ་ལ་གཞིགས་ན། དབྱི་རན་གྱི་ས་ཆ་མང་པོར་ཟིང་ཆ་ལངས་ནས་མི་ཤི་རྨས་བྱུང་ཡོད། ས་གནས་དེ་གའི་དུས་ཚོད་ཚེས་2ཉིན། ཐེ་རོན་ཕུས་དབྱི་རན་གྱི་ཟིང་ཆའི་དོན་རྐྱེན་ཐད་ཐེ་ཇུས་བྱེད་པའི་འཇིགས་སྐུལ་བྱས་པ་དང་། དབྱི་རན་ཕྱོགས་ཀྱིས་དབྱི་རན་མི་དམངས་ཀྱིས་ཕན་ཚུན་དབར་གྱི་སྐད་ཆ་ཤོད་རེས་དང་མཉམ་འགུལ་བྱས་ནས་རང་ངོས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་པས་རྣམ་པ་གང་རུང་གི་ཕྱི་ཕྱོགས་ཐེ་ཇུས་གཏན་ནས་བྱེད་མི་རུང་ཞེས་ནན་བཤད་བྱས་པ་དང་འབྲེལ་གལ་ཏེ་ཨ་རིས་ཉེན་མཆོང་བྱེད་སྤྱོད་སྤེལ་ཚེ་དབྱི་རན་གྱིས་ཨ་རིར་་རྒོལ་ལན་སློག་རྒྱུ་ཡིན་ཞེས་བཤད་པ་རེད།
2018ལོར་ཨ་རིས་ཕྱོགས་རྐྱང་པ་ནས་དབྱི་རན་གྱི་ཉིང་རྡུལ་གྲོས་མཐུན་ལས་ཕྱིར་འཐེན་བྱས་པ་ནས་བཟུང་། དབྱི་རན་ལ་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་རེས་མོས་བཀག་སྡོམ་ནན་པོ་ཕོག་པ་དང་། དངུལ་ལོར་གྱི་གནས་ཐང་ཆག་པ། དངུལ་ལོར་འགྲེམས་ཐལ་ཤོར་བ་བཅས་ཀྱི་གནས་ཚུལ་ཚབས་ཆེན་ཐོན་ནས་དཔལ་འབྱོར་འཕེལ་རྒྱས་ལ་རྡུང་རྡེག་ཚབས་ཆེན་ཕོག་ཡོད། དབྱི་རན་ཕྱོགས་ཀྱི་ཆ་འཕྲིན་ལྟར་ན། དབྱི་རན་སྲིད་གཞུང་གི་དཔལ་འབྱོར་ཚོགས་པས་ཛ་དྲག་གི་ཚོགས་འདུ་འཚོགས་ནས་ཉེ་དུས་དངུལ་བརྗེས་འཛའ་ཐང་དང་། ཚོང་དོན། དམངས་འཚོ་བཅས་ཀྱི་ཐད་ཐོན་པའི་གནད་དོན་ཐག་གཅོད་བྱ་རྒྱུའི་གྲོས་བསྡུར་བྱེད་བཞིན་ཡོད་པ་རེད།