གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 01ཚེས་06ཉིན། 13:19】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་1ཚེས་4ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པ་རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ཀུང་སི་དེས་འཆར་འགོད་འཛུགས་སྐྲུན་བྱས་པའི་གཅན་ཚ་ཐང་གི་ཆན་ཝ་ཁྲི་30ཟིན་པའི་འོད་ཤུགས་རྣམ་གྲངས་དང་ཧྥུའུ་ཧྲན་གསེར་ཆེན་གྱི་ཆན་ཝ་ཁྲི་70ཟིན་པའི་འོད་ཤུགས་རྣམ་གྲངས་སོགས་ནུས་རྒྱུ་གཙང་མའི་གཙོ་གནད་རྣམ་གྲངས་བཞི་གློག་དྲ་སྦྲེལ་ནས་གློག་གཏོང་འགོ་ཚུགས་ཤིང་། རྣམ་གྲངས་དེ་དག་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་སྔོན་དཔག་བྱས་ན་ལོ་རེར་ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་45ལྷག་ཙམ་ཟིན་རྒྱུ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་400ལྷག་ཙམ་ཉུང་དུ་ཕྱིན་ཏེ། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་མཐོ་ས་གཏོད་པར་རམ་འདེགས་ནུས་ལྡན་ཐུབ་རྒྱུ་རེད།
གཅན་ཚ་ཐང་གི་ཆན་ཝ་ཁྲི་30ཟིན་པའི་འོད་ཤུགས་རྣམ་གྲངས་དེ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཅན་ཚ་རྫོང་དུ་གནས་པ་དང་། རྣམ་གྲངས་དེར“འབྲོག་ལས་དང་། འོད་ཤུགས་ནུས་གསོག”བཅས་གཞི་གཅིག་ཅན་གྱི་གཅིག་སྡུད་རྣམ་པའི་ལྡོག་འགྱུར་འཕྲུལ་ཆས་ཀྱི་ལས་སྟེགས་དང་རིག་ནུས་མཉེན་གཤིས་ཚོད་འཛིན་ལག་རྩལ་གསར་གཏོད་ལྡན་པའི་ངང་སྤྱད་པས། གློག་ཁང་གི་འཁོར་སྐྱོད་ལས་ཕྱོད་དང་དྲ་སྦྲེལ་གྱི་བརྟན་པོའི་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད།
ཧྥུའུ་ཧྲན་གསེར་ཆེན་གྱི་ཆན་ཝ་ཁྲི་70ཟིན་པའི་འོད་ཤུགས་རྣམ་གྲངས་དང་མཚོ་ལྷོ་ཀྲོའུ་ཡི་ཆན་ཝ་ཁྲི་50ཟིན་པའི་འོད་ཤུགས་ནུས་གསོག་གཞི་གཅིག་ཅན་གྱི་དངོས་དཔང་རྟེན་གཞིའི་རྣམ་གྲངས་གཉིས་པོ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཆན་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གསར་པའི་རྟེན་གཞིའི་ཁུལ་གཅིག་དང་གླིང་གཉིས་ཀྱི་འོད་གློག་གླིང་ཁུལ་དུ་གནས་ཡོད། ཧྥུའུ་ཧྲན་གསེར་ཆེན་གྱི་ཆན་ཝ་ཁྲི་70ཟིན་པའི་འོད་ཤུགས་རྣམ་གྲངས་ཀྱིས་དཔེ་སྟོན་དུ་འཛུགས་སྐྲུན་བྱས་པའི་ཆན་ཝ་ཁྲི་10ཟིན་པའི“སྣེ་ཁྲིད་པའི”རིག་ལྡན་འོད་ཤུགས་དཔེ་སྟོན་རྣམ་གྲངས་སུ་ལས་རིགས་སྔོན་ཐོན་གྱི་ནུས་ཆེའི་གློག་རྫས་ལྷུ་ལག་གསར་པ་དང་། རིག་ལྡན་རྗེས་སྙེག་མ་ལག ཟད་གྲོན་དམའ་བའི་གློག་ཤུགས་སྒྲིག་ཆས་བཅས་གཞི་ཁྱོན་ཅན་གྱི་སྒོ་ནས་འདུས་གྲུབ་ཐུབ་ཡོད། མཚོ་ལྷོ་ཀྲོའུ་ཡི་ཆན་ཝ་ཁྲི་50ཟིན་པའི་འོད་ཤུགས་ནུས་གསོག་གཞི་གཅིག་ཅན་གྱི་དངོས་དཔང་རྟེན་གཞིའི་རྣམ་གྲངས་ལ་རིགས་མི་འདྲ་བའི་ནུས་གསོག་གློག་རྫས་16སྒྲིག་སྦྱོར་བྱས་པ་དེས་ས་མཐོའི་ཁུལ་གྱིས་ནུས་གསོག་རིགས་མི་འདྲ་བ་ཞིབ་འཇུག་བྱེད་པར་དངོས་དཔང་ཚོད་ལྟའི་གྲངས་གཞིའི་འདེགས་སྐྱོར་གལ་ཆེན་བྱ་རྒྱུ་རེད།
མཚོ་ནུབ་ཀྲོའུ་ཡི་ཆན་ཝ་ཁྲི་50ཟིན་པའི་རླུང་གློག་རྣམ་གྲངས་དེ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་མང་ནེ་གྲོང་ཁྱེར་ལེང་ཧུའུ་གྲོང་རྡལ་དུ་གནས་ཡོད། རྣམ་གྲངས་དེར་འཁོར་རྐྱང་གློག་གཏོང་ཚད་ཀྲའོ་ཝ་6.25ཟིན་པའི་ནུས་ཆེའི་མཉམ་འབུལ་རླུང་གློག་འཕྲུལ་ཚན་80འདེམས་སྤྱོད་བྱས་པ་དང་། སྒྲོ་གཤོག་འཁོར་སྐྱོད་ལྟ་ཞིབ་ཚད་ལེན་སོགས་རིག་ནུས་ཅན་གྱི་མ་ལག་སྒྲིག་སྦྱོར་བྱས་ཏེ། ས་བབ་མཐོ་བ་དང་། དྲོད་ཚད་དམའ་བ། ལྷགས་པ་ཆེ་བ་སོགས་ཀྱི་རྙོག་འཛིང་ཆེ་བའི་ཁོར་ཡུག་དང་སྒྲིག་ཆས་དེ་བས་འཚམ་པར་བྱས་ནས། རྣམ་གྲངས་ཀྱི་དུས་འཁོར་ཧྲིལ་པོའི་གསར་སྤེལ་དང་གཉེར་སྐྱོང་གི་མ་གནས་དམའ་རུ་ནུས་ལྡན་བཏང་བ་རེད།