འཚོལ་བཤེར།   
藏文频道
2025ལོའི་ཟླ་12ཚེས་30ཉིན།

༄༅།།མཚོ་སྔོན་མཚོ་ལྷོ་ཀྲོའུ་ཡིས་གཏན་འཇགས་རྒྱུ་ནོར་ལ་མ་རྩ་གཏོང་ཚད་སྒོར་དུང་ཕྱུར་ཆིག་སྟོང་ལས་བརྒལ་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 12ཚེས་29ཉིན། 16:25】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་12ཚེས་15ཉིན། གསར་འགོད་པར་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ལྷན་ནས་ཤེས་རྟོཌ་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། མཚོ་ལྷོ་ཀྲོའུ་ཡིས་མ་རྩ་ཆེ་རུ་ནུས་ལྡན་གཏོང་རྒྱུ་འགག་རྩའི་འདེགས་སྐྱོར་དུ་བྱས་པས་རྣམ་གྲངས་མ་འཇོག་གི་ཕན་འབྲས་ཧ་ཅང་ཡག་པོ་ཐོབ་ཡོད་པ་རེད། ད་ལོའི་ཟླ་བཅུ་གཅིག་པའི་བར། ཀྲོའུ་དེ་ཡོངས་ཀྱིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གཏན་འཇགས་རྒྱུ་ནོར་ལ་མ་རྩ་གཏོང་ཚད་སྒོར་དུང་ཕྱུར་1027ཟིན་པ་དང་། དེའི་ནང་ནུས་རྒྱུ་གཙང་མར་མ་རྩ་སྒོར་དུང་ཕྱུར་749བཏང་བ་དེ“ལོ་ལྔ་ཚན་བཅུ་གསུམ་པ”དང་བསྡུར་ན་12%དང་91%སོ་སོར་འཕར་ཡོད་པ་རེད།

    ནུས་རྒྱུ་གཙང་མའི་ཐོན་ལས་ལ་མ་རྩ་གཏོང་བ་ནི་ལྟེ་བའི་འདེགས་སྐྱོར་ཡིན་པས། རྩེ་རིམ་ཇུས་འགོད་ལ་ཤུགས་རྒྱག་པ་དང་། བར་མཐོངས་ཀྱི་བཀོད་པ་ལེགས་སུ་གཏོང་བ། རྒྱུ་རྐྱེན་གཙོ་བོ་འགན་ལེན་ལ་ཤུགས་རྒྱག་པ། མཚོ་སྔོན་དང་ཧོ་ནན་གྱི་ཆེས་མཐོ་གནོན་ཐད་རྒྱུག་གློག་གཏོང་ལས་གྲྭ་དང་གཡང་འཁྱིལ་ཆུ་ཤུགས་གློག་ཁང་སོགས་རྣམ་གྲངས་གལ་ཆེན་ལ་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་སྐུལ་འདེད་བཏང་བ་བརྒྱུད། འོད་གློག་གིས་རྨང་གཞི་དང་ནུས་རྒྱུ་གཙང་མས་ཕན་ཚུན་གསབ་རེས་བྱེད་པའི་རྣམ་པ་ཞིག་ཆགས་ཡོད་པ་རེད།

     རྣམ་གྲངས་བརྩོན་ལེན་ཐད། ཀྲོའུ་འཕེལ་སྒྱུར་ཨུ་ལྷན་གྱིས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་འཐབ་ཇུས་སྟོན་ཕྱོགས་དང་རང་འགུལ་ངང་སྦྲེལ་མཐུད་བྱས་ནས་སྲིད་ཇུས་ཀྱི་གོ་སྐབས་གལ་ཆེན་དང་དེ་བཞིན་སྐྱེ་ཁམས་སྲུང་སྐྱོང་དང་། ཆུ་བེད། གྲོང་ཁྱེར་གྱི་ཆུ་ལོག་སྔོན་འགོག་དང་འཁྱིལ་ཆུ་ཕྱིར་འབུད། སྤྱི་ཚོགས་བྱ་གཞག་སོགས་ཀྱི་ཞན་ཆར་དམིགས་ནས། དུས་འགོའི་འཆར་འགོད་དང་ཞུ་འབུལ་དོ་དམ་ལ་ཤུགས་བརྒྱབ་པ་དང་། འཕེལ་སྒྱུར་ཨུ་ལྷན་གྱི་ཐབས་ལམ་བརྒྱུད་རྣམ་གྲངས་598དོན་འཁྱོལ་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་188.58བཏང་བ་དང་། དེའི་ཁྲོད་དུ་ཀྲུང་དབྱང་དང་ཞིང་ཆེན་རིམ་པས་མ་དངུལ་སྒོར་དུང་ཕྱུར་100.93བཏང་བ་དེ“ལོ་ལྔ་ཚན་བཅུ་གསུམ་པ”དང་བསྡུར་ན་25%འཕར་བ་དང་། རྨང་གཞིའི་སྒྲིག་བཀོད་ཁྱབ་ཁོངས་ཀྱི་རྣམ་གྲངས་ཀྱིས་50%ལྷག་ཟིན་ནས་ཆུ་བེད་དང་། འགྲིམ་འགྲུལ། ནུས་རྒྱུ་བཅས་དང་དེ་བཞིན་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ལེགས་སུ་ཕྱིན་ཡོད་པ་རེད། རྣམ་གྲངས་གལ་ཆེན་ནི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་ཡིན། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། འབའ་རྫོང་འཇང་ཆེན་སོགས་ཆུ་མཛོད་ཆེན་པོ་བཞིའི་ལས་གྲྭ་དང་། མཚོ་སྔོན་པོའི་མཚོ་ཁའི་ཤུགས་རྐྱེན་ཐེབས་ཁུལ་གནས་སྤོ་བཀོད་སྒྲིག གསེར་ཆེན་རྫོང་གྲོང་གི་ཀྲེང་ཧོ་ཁྲོམ་གཞུང་སྒྱུར་བཀོད། ཧུའེ་ཨན་གྲོང་སྲིད་ཟམ་ཆེན། ཞིང་ཆེན་རིམ་པའི་ས་ཁོངས་ཀྱི་སྨན་བཅོས་ལྟེ་གནས། “བྱང་གསུམ”རྩྭ་ཐང་སྐྱེ་ཁམས་སླར་གསོ་སོགས་རྣམ་གྲངས་གལ་ཆེན་གཅིག་རྗེས་གཉིས་མཐུད་དུ་ལག་ལེན་བསྟར་བ་དང་། ཀྲོའུ་དེ་ཡོངས་སུ་ཞིང་ཆེན་དང་ཀྲོའུ་རིམ་པའི་རྣམ་གྲངས་གལ་ཆེན་337ལག་ལེན་བསྟར་བ་ལས་ལས་འགོ་ཚུགས་ཚད་96%ལྷག་ཙམ་ཟིན་པར་མ་དངུལ་སྒོར་དུང་ཕྱུར་855བཏང་བས། གཏན་འཇགས་རྒྱུ་ནོར་ལ་མ་རྩ་གཏོང་ཚད་85%ལས་བརྒལ་ཡོད་པ་རེད།