འཚོལ་བཤེར།   
藏文频道
2025ལོའི་ཟླ་12ཚེས་24ཉིན།

༄༅།།རང་མོས་ཚོང་དོན་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལ་འཕེལ་རྒྱས་ཀྱི་དཔྱིད་དཔལ་བཞད་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ལུའོ་ཧྲན་ཧྲན། ཝང་ཏུང་ཧུའེ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 12ཚེས་23ཉིན། 14:00】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཟླ་12ཚེས་18ཉིན། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་གླིང་ཕྲན་ཡོངས་ཀྱི་སྒོ་ཁྲལ་དངོས་སུ་སྡོམ་འགོ་ཚུགས་པ་རེད། ཟླ་12ཚེས་19ཉིན། ཧའེ་ཁོའུ་འགག་སྒོ་ལས་ཁུངས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། གླིང་ཕྲན་ཡོངས་སུ་སྒོ་ཁྲལ་སྡོམ་འགོ་ཚུགས་པའི་ཉིན་དང་པོར། འགག་སྒོ་ལས་ཁུངས་ཀྱིས་ལྟ་འདོམས་བྱེད་པའི“འཐབ་ས་དང་པོ”ནས་ནང་འདྲེན་བྱས་པའི“སྒོ་ཁྲལ་མེད་པའི”དངོས་ཟོག་གི་རིན་ཐང་སྒོར་དུང་ཕྱུར་3.6ཟིན་ཡོད།

       སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལམ་ལུགས་རྣམ་པའི་སྒོ་མོ་འབྱེད་རྒྱ་ཆེ་རུ་བརྟན་པོ་བཏང་ནས། རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་རིམ་སྤོར་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

      རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་སྟབས། སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་དང་འཕེལ་རྒྱས་གཉིས་ལ་སྐུལ་འདེད་གང་ལེགས་གཏོང་དགོས། གསར་འབྱེད་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ་གྱི་གདོང་ལེན་པ་ཞིག་བྱས་ཏེ། ཁྱབ་ཁོངས་དེ་བས་ཆེ་བ་དང་རིམ་པ་དེ་བས་གཏིང་ཟབ་སར་འཚོལ་ཞིབ་བྱས་ནས། རང་མོས་ཚོང་དོན་ཚོད་ལྟའི་ཁུལ་འཛུགས་སྐྲུན་གྱི་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་བཏང་དང་གཏོང་བཞིན་ཡོད།

      ཀོང་ཤིས་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་བྱང་རྒྱུད་མཚོ་ཁུག་གྲུ་ཁའི་མཚོ་ལམ་དང་ལྕགས་ལམ་མཉམ་འདྲེན་གྱི་རང་འགུལ་ཅན་གྱི་གྲུ་ཁར་ཉིན་མཚན་དབྱེར་མེད་དུ་དངོས་ཟོག་འབེབས་འཇུག་ཀྱི་ལས་བྲེལ་རྣམ་པས་ཁེངས་ཤིང་། གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་ཁག་127གྱི་གྲུ་ཁ་571ལ་དོས་སྒམ་སྐྱེལ་འདྲེན་གྱི་མཚོ་ལམ་ཤར་གཏོང་ཐུབ་པ་དང་། ཧྲའན་ཤིས་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་ཀྲུང་གོའི་ནུབ་རྒྱུད་ཚན་རྩལ་གསར་གཏོད་གྲུ་ཁར་གྲུ་གཟིངས་རླུང་གཡོར་བཀལ་ནས་ཐོན་འགོ་ཚུགས་ཤིང་། དེ་གར་ཚན་ཞིབ་སྒྲིག་གཞི་749གཅིག་སྡུད་བྱས་པ་དེ་ཚན་རིག་གསར་གཏོད་ཐོན་ཁུངས་འབྲེལ་མཐུད་བྱེད་སའི་འབྲེལ་ཐག་ལྟ་བུར་གྱུར་པ་སོགས།

     རང་མོས་ཚོང་དོན་ཚོད་ལྟའི་ཁུལ་སྐྲུན་པ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པར་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་བྱ་ཐབས་གལ་ཆེན་ཞིག་རེད། ཧོང་ཕུ་གཙང་པོའི་འགྲམ་ངོགས་ནས་ཤང་ཅང་གཙང་པོའི་འགྲམ་ངོགས་བར་དང་། ཡུན་ནན་ནས་ཐེན་ཧྲན་རི་བོའི་རི་འདབས་བར་དུ། རིམ་རྩིས་བརྒྱབ་ན། རང་མོས་ཚོང་དོན་ཚོད་ལྟའི་ཁུལ་22ཀྱིས་རྒྱལ་ཡོངས་ཀྱི་ཕྱི་རྒྱལ་ཚོང་པའི་མ་འཇོག་དང་ཕྱིར་གཏོང་ནང་འདྲེན་དངུལ་འབོར་གྱི་1/5ཙམ་ལ་ལེགས་སྐྱེས་ཕུལ་ཡོད།

      སྒྱུར་བཅོས་དང་གསར་གཏོད་ཀྱིས་བསྩལ་བ་ནི་དགའ་འོས་པའི་གྲངས་ཀ་ཙམ་མ་ཟད། འཕེལ་རྒྱས་ཀྱི་གཏན་ཚིགས་ལ་བཏང་བའི་འགྱུར་ལྡོག་ཅིག་ཀྱང་རེད།

     ལམ་ལུགས་གསར་གཏོད་བྱས་ཤིང་། གསལ་ཐོ་གཅིག་གིས་གཙོ་རྒྱུའི་རང་ཚུགས་འཁོར་རྒྱུག་ལ་སྐུལ་འདེད་བཏང་བ།

    ད་ལོའི་ཟླ་2པར། 《ཀྲུང་གོའི(ཧྲང་ཧའེ)རང་མོས་ཚོང་དོན་ཚོད་ལྟའི་ཁུལ་དང་མཚོ་འབྲེལ་ཡུག་ཁུལ་གསར་པའི་གྲངས་གཞིའི་རྒྱལ་སྒྲོལ་དོ་དམ་གསལ་ཐོ(བཀག་རྒྱའི་གསལ་ཐོ)(2024ལོའི་པར་གཞི)》ཁྱབ་བསྒྲགས་བྱས་པ་རེད།

     གོ་ལ་ཧྲིལ་པོའི་རིན་ཐང་འཁོར་འབྲེལ་བསྐྱར་གྲུབ་གཏིང་ཟབ་དང་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་འགྲོ་བའི་རྒྱབ་ལྗོངས་འོག རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དེ་སྲོལ་རྒྱུན་གྱི་དངོས་ཟོག་ཉོ་ཚོང་ནས་ཞབས་ཞུའི་ཉོ་ཚོང་དང་གྲངས་འཛིན་དཔལ་འབྱོར་སོགས་གསར་དར་ཁྱབ་ཁོངས་སུ་སྣུར་སྲིང་བྱེད་པའི་བར་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད། ལམ་ལུགས་ཅན་གྱི་སྒོ་དབྱེའི་གཡུལ་ས་མདུན་མ་ཡིན་པའི་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱིས་ངེས་པར་དུ་འགུལ་རྣམ་ཅན་གྱི་རྒྱལ་སྤྱིའི་སྒྲིག་སྲོལ་གྱི་དཔེ་བསྡུར་ལམ་སྲོལ་བཙུགས་ཏེ། འགྱུར་ལྡོག་འགྲོ་བ་དང་བསྟུན་ནས་ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེའི་ཁྲོད་ནས་གོ་སྐབས་ལ་དམ་འཛིན་བྱེད་དགོས།

      མིག་སྔར། རང་མོས་ཚོང་དོན་ཚོད་ལྟའི་ཁུལ་དང་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་མང་པོས་ལག་བསྟར་གྲངས་གཞིའི་རྒྱལ་སྒྲོལ་བཀག་རྒྱའི་གསལ་ཐོ་ཁྱབ་བསྒྲགས་བྱས་ཏེ། རླངས་འཁོར་དང་། སྨན་རྫས། དམངས་སྤྱོད་མཁའ་འགྲུལ། འགན་བཅོལ་བསྐྱར་མ་སོགས་ཁྱབ་ཁོངས་མང་པོའི་གྲངས་གཞིའི་རྒྱལ་སྒྲོལ་འཁོར་རྒྱུག་ལ་སྐུལ་འདེད་ཀྱི་ནུས་པ་འདོན་བཞིན་ཡོད་ཅིང་། ཀྲུང་གོར་ཡོད་པའི་ཁེ་ལས་ཁག་གཅིག་གིས་བཀག་རྒྱའི་གསལ་ཐོའི་རྣམ་པ་བརྒྱུད་ནུས་ཆེ་དང་སྟབས་བདེ་པོས་གྲངས་གཞི་རྒྱལ་སྒྲོལ་ཐུབ་པར་བྱས་ཡོད།

      ཐོན་ལས་ལ་ཐོད་བརྒལ་གསར་པ་བྱུང་ཞིང་། འཁོར་འབྲེལ་གཅིག་གིས་དབུས་རྒྱུད་ཀྱི་བཟོ་སྐྲུན་སྒུལ་ནུས་གསར་པ་འཕེལ་བར་བྱས་པ།

     ཧུའུ་ནན་ཁྲང་ཧྲ་རུ་ལྕགས་ལམ་འཛུགས་སྐྲུན་ལྕི་བའི་བཟོ་ལས་ཐོན་ལས་གླིང་གཉིས་པའི་འབིགས་འཕྲུལ་གྱི་འཁོར་རྟེན་གཙོ་བོའི་བཟོ་སྐྲུན་འཁོར་ཁང་དུ། སྨི་3ནས་སྨི་8.61བར་གྱི་འཁོར་རྟེན་གཙོ་བོ་སྣ་ཚོགས་གྲལ་སྟར་འགྲིག་པོར་བཞག་འདུག

     འབིགས་འཕྲུལ་གྱི་འཁོར་རྟེན་གཙོ་བོ་ནི་སྒྲིག་ཆས་ཀྱི་འབིགས་སྔོག་གི་ནུས་ཕྱོད་ཆེ་ཆུང་དང་བེད་སྤྱོད་གཏོང་ཡུན་རིང་ཐུང་ཇི་བྱུང་གི་འགག་རྩའི་ལྷུ་ལག་ཅིག་རེད། “འགག་རྩའི་ལག་རྩལ་ངེས་པར་དུ་རང་ཉིད་ཀྱིས་ཁོང་དུ་ཆུད་པར་བྱེད་དགོས། ང་ཚོས་ཁྱབ་ཁོངས་མང་པོ་དང་རིག་ཚན་ལས་བརྒལ་བའི་འགག་སྒྲོལ་ཚོགས་པ་བཙུགས་པ་དང་། མཐོ་སློབ་དང་སྟོད་སྨད་རྒྱུད་ཀྱི་ཁེ་ལས་དང་མཉམ་དུ་ཐོན་ལས་འཁོར་འབྲེལ་རོགས་ལས་ཀྱི་གསར་གཏོད་མ་ལག་བཙུགས་ཡོད། ལོ་5ཡི་རིང་། རིམ་རྩིས་བརྒྱབ་ན་འགག་རྩའི་ལག་རྩལ་བརྒྱ་ལྷག་ཙམ་ཐོད་བརྒལ་བྱུང་ནས་འབིགས་འཕྲུལ་འཁོར་རྟེན་གཙོ་བོ་རང་རྟེན་ཚོད་འཛིན་ཐུབ་ཡོད”ཅེས་ལྕགས་ལམ་འཛུགས་སྐྲུན་ལྕི་བའི་བཟོ་ལས་ཀྱི་དམིགས་བསལ་འཁོར་རྟེན་ཞིབ་འཇུག་ཇུས་འགོད་ཁང་ཇུས་འགོད་སུའོ་ཡི་སུའོ་ཀྲང་གཞོན་པ་ཁྲེན་ཧའོ་ལིན་གྱིས་བརྗོད།(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

     ཧུའུ་ནན་རང་མོས་ཚོང་དོན་ཚོད་ལྟ་ཁུལ་ཁྲང་ཧྲ་ཡུག་ཁུལ་གྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཐན་ཧའོ་རན་གྱིས“ང་ཚོས་ལས་གྲྭའི་འཕྲུལ་ཆས་བསྐྱར་བཟོའི་མ་ལག་སྒྱུར་བཅོས་བྱས་པ་བརྒྱུད། མཐུན་སྦྱོར་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་དེ་ཉིད་གསར་གཏོད་ཚད་བརྒལ་དང་གྲངས་རིག་ཅན་གྱི་ཕྱོགས་སྒྱུར་ཁྲོད་དུ་ཟམ་མི་ཆད་པར་མདུན་སྐྱོད་བྱུང་ཡོད”ཅེས་ངོ་སྤྲོད་བྱས།

     བགྲོད་ལམ་ཤར་གཏོང་། དྲ་རྒྱ་གཅིག་གིས་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེན་པོའི་འཕར་རྩ་བཤངས་པ།

   ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཝུའུ་ལུའུ་མུའུ་ཆི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུའི་ཚོམས་ཆེན་དུ་སྐྱོད་སྐབས། ས་བཀྲའི་ཐོག་གི་སྣོལ་སྡེབ་སྐྱེལ་འདྲེན་དྲ་བ་དེ་མངོན་གསལ་ཤིན་ཏུ་དོད་པོ་ཡོད། དེ་ནས་ཐོན་པའི་ཀྲུང་ཡོ(ཨེ་ཤེ་ཡ་དབུས་མ)དུས་གཏན་མེ་འཁོར་རྒྱལ་ཁབ་19ཡི་གྲོང་ཁྱེར་26ལ་ཤར་གཏོང་ཐུབ་ཀྱི་ཡོད།

     2023ལོའི་ཟླ་11པར། ཀྲུང་གོ(ཤིན་ཅང)རང་མོས་ཚོང་དོན་ཚོད་ལྟའི་ཁུལ་དངོས་སུ་སྒོ་ཕྱེ་ནས་བཙུགས་པ་དང་། ཝུའུ་ལུའུ་མུའུ་ཆི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་ཁུལ་ནི་འཛུགས་སྐྲུན་ས་ཁོངས་གལ་ཆེན་ཞིག་རེད། “ཀྲུང་ཡོ(ཨེ་ཤེ་ཡ་དབུས་མ)དུས་གཏན་མེ་འཁོར་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་སྐམ་སའི་ཐོག་བསྐྱོད་རྒྱུ་བྱུང་ནས་ཟོག་འདྲེན་འགྲོ་ལམ་ནུས་ལྡན་ཞིག་གྲུབ་ཡོད”ཅེས་ཝུའུ་ལུའུ་མུའུ་ཆི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་ཁུལ་དང་མཁའ་འབྲེལ་དཔལ་འབྱོར་ཁུལ་དོ་དམ་ཨུ་ལྷན་སྐམ་སའི་གྲུ་ཁའི་ཞབས་ཞུ་ཅུས་ཀྱི་འགན་འཁུར་བ་ཀྲུང་ཧོ་ཧྭ་ཡིས་བརྗོད།

     “རང་རྒྱལ་དང་ཉེ་འཁོར་རྒྱལ་ཁབ་དབར་ཕན་ཚུན་འབྲེལ་མཐུད་བྱེད་ཟབ་ཏུ་ཕྱིན་པ་དང་ཆབས་ཅིག ཤིན་ཅང་གི་བགྲོད་ལམ་གྱི་རིན་ཐང་ཡང་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་རྒྱུ་རེད”ཅེས་དང་། ཤིན་ཅང་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་དུ་སྐམ་ས་ཆེན་པོའི་འགག་སྒོ་གཉིས་དང་མཁའ་འགྲུལ་འགག་སྒོ་ཆེན་པོ་གཉིས་ཀྱིས་ལངས་གཟུགས་སྒོ་དབྱེའི་དྲ་བ་གྲུབ་ནས། རྒྱལ་སྒྲོལ་མཉམ་ལས་དང་ཐོན་ལས་འབྲེལ་མཐུད་ལ་གར་སྟེགས་ཡངས་པོ་མཁོ་འདོན་བྱུང་ཡོད་ཅེས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ཐིང་ཀྲང་གཞོན་པ་ཡིའུ་ཅ་ལིན་གྱིས་བརྗོད།

     “ལོ་ལྔ་ཚན་བཅུ་བཞི་པའི”མཇུག་བསྡུ་ཉེར་ཡོད་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་གཞི་ལག་བསྟར་བྱེད་ཉེར་ཡོད། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ། ཚོང་དོན་པུས་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་རིམ་སྤོར་འཐབ་ཇུས་སྣེ་ཁྲིད་དུ་བྱེད་པ་དང་། རང་སོ་སོའི་ཚོང་དོན་ཚོད་ལྟའི་ཁུལ་གྱིས་སྔོན་ལ་བྱེད་ཕོད་དང་ལས་སྒྲུབ་གཙོར་འཇོག་བྱ་རྒྱུའི་བསྔགས་སྐུལ་དང་ཁྲིད་སྟོན་བྱེད་པ། ཕན་ནུས་ལྡན་པའི་འཚོལ་ཞིབ་དེ་བས་མང་པོ་བྱེད་པ། སྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་དེ་བས་མང་པོ་ཆགས་པ་བཅས་བྱས་ནས་ལམ་ལུགས་རྣམ་པའི་སྒོ་དབྱེའི་ཆུ་ཚད་དང་། མ་ལག་རང་བཞིན་གྱི་སྒྱུར་བཅོས་ཕན་འབྲས། སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྤུས་ཚད་བཅས“མཐོར་འདེགས་གསུམ”མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན”ཞེས་ཚོང་དོན་པུའི་འབྲེལ་ཡོད་འགན་འཁུར་བས་བརྗོད།