འཚོལ་བཤེར།   
藏文频道
2025ལོའི་ཟླ་12ཚེས་15ཉིན།

༄༅།།ཐེ་རོན་ཕུས་“འདི་ནི་ངོ་ཚ་དགོས་པ་ཞིག་རེད་”ཅེས་བཤད།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 12ཚེས་15ཉིན། 14:43】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     པུའུ་ལང་སློབ་ཆེན་གྱི་མེ་མདའ་བརྒྱབ་པའི་གྱོད་གཞི་ལས་མི་2ཤི་བ་དང་མི་8ལ་རྨས་སྐྱོན་ཕོག་པར་ཐེ་རོན་ཕུའུ་ཡིས་དེ་ནི་ངོ་ཚ་ཞིག་རེད་ཅེས་བསྟུད་མར་ཐེངས་གཉིས་བཤད་པ་རེད།

     ཨ་རིའི་ལུའོ་ཏེ་གླིང་ཕྲན་མངའ་སྡེའི་ཕུའུ་ལུའོ་ཝུའེ་ཏེང་སི་གྲོང་ཁྱེར་དུ་གནས་པའི་པུའུ་ལང་སློབ་ཆེན་དུ་ས་གནས་དེ་གའི་དུས་ཚོད་ཚེས་13ཉིན་གྱི་ཕྱི་དྲོར་མེ་མདའ་བརྒྱབ་པའི་དོན་རྐྱེན་ཞིག་ཐོན་ནས་ཉུང་མཐར་ཡང་མི་2རྐྱེན་ལམ་དུ་ཤོར་བ་དང་མི་ལ་8རྨས་སྐྱོན་ཕོག་ཡོད་པ་དང་། མིག་སྔར་དོགས་ཡོད་མི་སྣ་སྔར་བཞིན་བྲོས་བྱོལ་བྱེད་བཞིན་ཡོད་པ་རེད།

     ཕུའུ་ལུའོ་ཝུའེ་ཏེང་སི་གྲོང་ཁྱེར་གྱི་དཔོན་རིགས་དང་པུའུ་ལང་སློབ་ཆེན་གྱིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལ་གཞིགས་ན། མེ་མདའ་བརྒྱབ་པའི་དོན་རྐྱེན་དེ་པུའུ་ལང་སློབ་ཆེན་གྱི་པ་ལུའུ་སི-ཧོ་ལི་ཐོག་ཁང་དུ་ཐོན་པ་དང་། དེ་ནི་བཟོ་སྐྲུན་སློབ་གླིང་དང་དངོས་ལུགས་ཚན་ཁག་གནས་ཡུལ་ཡིན་པ་རེད། མེ་མདའ་བརྒྱབ་པའི་དོན་རྐྱེན་གྱིས་མི་2རྐྱེན་ལམ་དུ་ཤོར་བ་དང་མི་8ལ་རྨས་སྐྱོན་ཚབས་ཆེན་བཟོས་ནས་སྨན་བཅོས་བྱེད་པར་བསྐྱལ་ཡོད་པ་དང་། མིག་སྔར་གནས་ཚུལ་བརྟན་པོ་ཡོད་པ་རེད།

     ས་གནས་དེ་གའི་ཉེན་རྟོག་ཕྱོགས་ཀྱིས་བརྡ་ཁྱབ་ནང་དོགས་ཡོད་མི་སྣ་ནི་གྱོན་གོས་ནག་པོ་གྱོན་པའི་སྐྱེས་པ་ཞིག་ཡིན་པ་དང་། འཚོལ་འཛིན་བྱ་སྤྱོད་དང་བརྟག་དཔྱད་ལས་དོན་སྤེལ་སྒང་ཡིན་པས་མིག་སྔར་འཛིན་བཟུང་བྱས་མེད་པ་རེད།

     ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་ཕོ་བྲང་དཀར་པོ་ནས་སྨྱན་སྦྱོར་ལ་ཁོང་གིས་པུའུ་ལང་སློབ་ཆེན་གྱི་མེ་མདའ་བརྒྱབ་པའི་དོན་རྐྱེན་སྐོར་གྱི་གསར་འགྱུར་མདོར་བསྡུས་ཉན་ཡོད། “དེ་ནི་ཧ་ཅང་འཇིགས་སུ་རུང་བའི་བྱ་བ་ཞིག་རེད། ང་ཚོས་ད་ལྟ་བསྒྲུབ་ཐུབ་པ་ནི་རྐྱེན་ལམ་དུ་ཤོར་བའི་འདས་པོར་སྨོན་ལམ་འདེབས་རྒྱུ་དེ་རེད་”ཅེས་བཤད་པ་རེད། ལུའོ་ཏེ་ཏའོ་མངའ་སྡེའི་འགོ་འཛིན་· མའེ་ཅི་ཡིས་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་ཐོག་མངའ་སྡེའི་ཉེན་རྟོག་ཕྱོགས་དང་མངའ་སྡེའི་འཕྲལ་སྡོམ་དོ་དམ་སྒྲིག་གཞིས་ས་གནས་དེ་གའི་ཁྲིམས་འཛིན་སྡེ་ཁག་དང་མཐུན་སྦྱོར་གྱིས་གྱོད་དོན་ཐག་གཅོད་བྱེད་བཞིན་ཡོད་པ་མ་ཟད། དམངས་ཚོགས་རྣམས་མེ་མདའ་བརྒྱབ་པའི་དོན་རྐྱེན་ཐོན་པའི་ས་ཁོངས་དང་རིང་དུ་གྱེས་དགོས་པའི་རེ་འབོད་ཀྱང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

     པུའུ་ལང་སློབ་ཆེན་ནི་ཨ་རིའི་གྲགས་ཅན་ཁྲང་ཁྲུན་ཐེང་མནའ་འབྲེལ་སློབ་གྲྭ་8གྲས་ཤིག་ཡིན་པ་དང་། དངོས་གཞིའི་ཚན་ཁག་ལ་སློབ་མ་7300དང་ཞིབ་འཇུག་སློབ་མ་3000ལྷག་ཙམ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཚེས་13ཉིན་ནི་སློབ་གྲྭ་དེའི་སྟོན་དུས་སློབ་སྐབས་མཇུག་གི་ཡིག་རྒྱུགས་ཀྱི་ཉིན་གཉིས་པ་ཡིན་པ་རེད།