གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་17ཉིན། 09:58】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

འདི་ནི་ཟླ་11ཚེས་14ཉིན། ལྷ་གྲུ་ཨང་ཉི་ཤུ་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང་བཞུགས་པའི་ལྷ་གྲུ་ཨང་ཉེར་གཅིག་པའི་མི་བཞུགས་འཕུར་གྲུའི་ཕྱིར་ལོག་ཚང་ཤར་རླུང་འབབ་ཐང་དུ་བདེ་བླག་ངང་བབས་པའི་རྣམ་པ་ཡིན་པ།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭ་གཞུང་དོན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། པེ་ཅིང་གི་དུས་ཚོད་ཟླ་11ཚེས་14ཉིན་གྱི་ཆུ་ཚོད་16དང་སྐར་མ་40ཡི་ཐོག ལྷ་གྲུ་ཨང་ཉེར་གཅིག་པའི་མི་བཞུགས་འཕུར་གྲུའི་ཕྱིར་ལོག་ཚང་ཤར་རླུང་འབབ་ཐང་དུ་བདེ་བླག་ངང་བབས་པ་རེད། ཕྱིར་ལོག་ཚང་གི་ཚང་སྒོ་ཕྱེ་རྗེས། གསོ་རིག་ལྟ་སྐུལ་དང་གསོ་རིག་འགན་སྲུང་མི་སྣས་ས་གནས་ས་ཐོག་ཏུ་ལྷ་གྲུ་ཨང་ཉི་ཤུ་པའི་ཚོ་ཆུང་གི་འཇིག་རྟེན་འཕུར་སྐྱོད་པ་ཁྲེན་ཏུང་དང་། ཁྲེན་ཀྲུང་རུའེ། ཝང་ཅེ་བཅས་ཀྱི་གཟུགས་པོར་བརྟག་དཔྱད་བྱས་རྗེས་བདེ་ཐང་ཡིན་པ་གཏན་འཁེལ་བྱས་པ་རེད།
ལྷ་གྲུ་ཨང་ཉི་ཤུ་པའི་ཚོ་ཆུང་གི་འཇིག་རྟེན་འཕུར་སྐྱོད་པ་3འཁོར་ལམ་དུ་ཉིན་204བསྡད་པ་དེས་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང་རྐྱང་པའི་འཁོར་སྡོད་དུས་ཡུན་རིང་ཤོས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། འཁོར་ལམ་དུ་སྡོད་རིང་། གྲུ་ཚང་ནས་ཐོན་པའི་བྱེད་སྒོ་ཐེངས་4དང་གྲུ་ཚང་ནས་དངོས་ཟོག་འདོན་འཇུག་གི་ལས་འགན་ཐེངས་མང་བསྒྲུབས་པ་མ་ཟད། ས་ངོས་ཀྱི་ཚན་རིག་ཞིབ་འཇུག་མི་སྣའི་གཞོགས་འདེགས་དམ་ཟབ་འོག བར་སྣང་གི་ཚན་རིག་ཚོད་ལྟ་ཡང་འབོར་ཆེན་བྱས་ཡོད་པ་རེད།
ཉིན་དེར་ལྷ་གྲུ་ཨང་ཉི་ཤུ་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང་གནམ་གྲུར་བསྡད་ནས་བདེ་འཇགས་ངང་པེ་ཅིང་དུ་འབྱོར་བ་རེད།