གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་13ཉིན། 14:38】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཉེ་ཆར་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་དཔལ་འབྱོར་ཉེས་གསོག་མྱུལ་ཞིབ་ཡན་ལག་རུ་ཁག་གིས་མྱུལ་ཞིབ་ཞིབ་ཚགས་བྱས་མཐར། གོ་གནས་ལ་བརྟེན་ནས་ཧམ་བཟུང་བྱས་པའི་གྱོད་གཞི་ཞིག་མྱུར་དུ་རྩད་ཆོད་པ་དང་ཉེས་གསོག་དོགས་ཡོད་མི་སྣ་ལི་ཆེ་གེ་མོ་བཟུང་ནས་ཁོངས་གཏོགས་ཁུལ་གྱི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ནུས་ལྡན་བྱས་པ་རེད།
ཟླ་སྔོན་མའི་ཟླ་མཇུག་ཏུ་གཞིས་རྩེ་གྲོང་ཁྱེར་གྱི་ཀུང་སི་ག་གེ་མོ་ཞིག་གིས་ནང་ཁུལ་གྱི་ནོར་དོན་རང་བཤེར་བྱེད་སྐབས་གཏོང་ཡོང་གི་རྩིས་ཐོའི་ཐོག་མངོན་གསལ་དོད་པོས་རྒྱུན་ལྡན་མིན་པའི་གནས་ཚུལ་ཡོད་པ་ཤེས་རྟོགས་བྱུང་བས། ནང་ཁུལ་གྱི་ལས་མིས་གོ་གནས་ཀྱི་སྟབས་བདེ་སྤྱད་དེ་ཀུང་སིའི་རྒྱུ་ནོར་ཧམ་བཟུང་བྱས་པའི་དོགས་པ་ཡོད་པའི་བརྡར་གཅོད་རགས་ཙམ་བྱས་ནས་འཕྲལ་དུ་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་དཔལ་འབྱོར་ཉེས་གསོག་མྱུལ་ཞིབ་རུ་ཁག་ལ་སྙན་སེང་ཞུས་པ་རེད།
ཉེན་བརྡ་འབྱོར་རྗེས། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་དཔལ་འབྱོར་ཉེས་གསོག་མྱུལ་ཞིབ་ཡན་ལག་རུ་ཁག་གིས་ཉིན་དེར་ཁྲིམས་ལྟར་བདག་སྤྲོད་བྱས་པ་དང་འབྲེལ་དུས་མཉམ་དུ་བརྟག་དཔྱད་དཔང་ལེན་ལས་དོན་སྤེལ་བ་རེད། ཁེ་ལས་ཀྱི་ནོར་དོན་དཔང་ཡིག་བསྡུ་ལེན་དང་། མ་དངུལ་འཁོར་རྒྱུག་ལ་ཞིབ་བཤེར། འབྲེལ་ཡོད་མི་སྣར་འདྲི་རྩད་བཅས་བྱས་པ་བརྒྱུད། ཀུང་སི་དེའི་ཕྱིར་ཚོང་ཅིང་ལི་ལི་ཆེ་གེ་མོར་ཉེས་གསོག་ཚབས་ཆེན་ཡོད་པའི་དོགས་པ་རིམ་བཞིན་གཏན་འཁེལ་བྱས་པ་དང་། འཕྲལ་མར་ཁྲིམས་ལྟར་གྱོད་དོན་ཐོ་འགོད་བྱས་ནས་མྱུལ་ཞིབ་བྱས་པ་རེད། བརྟག་དཔྱད་བྱས་པ་བརྒྱུད། ལི་ཆེ་གེ་མོས་ལས་འགན་འཁུར་རིང་ཚོང་ཤགས་དང་འབྲེལ་མཐུད་བྱེད་པའི་འགན་འཁུར་བ་དང་། མ་དངུལ་བསྡུ་ལེན་བྱེད་པ་སོགས་ཀྱི་ལས་འགན་སྟབས་བདེ་སྤྱད་དེ། “ཚོང་ཤགས་ཀྱི་མ་དངུལ་རྩིས་ཐོར་མི་འགོད་པའི་”ལྐོག་གྱུར་གྱི་བྱ་ཐབས་ཐེངས་མང་སྤྱད་དེ་རིམ་རྩིས་བྱས་ནས་ཀུང་སིའི་མ་དངུལ་སྒོར་ཁྲི་25ལྷག་ཙམ་ཧམ་བཟུང་བྱས་ནས་ཚང་མ་བག་མེད་དུ་བཏང་ཚར་བ་རེད།

གྱོད་དོན་སྒྲུབ་མཁན་ཉེན་རྟོག་པས་འཕྲལ་ཐག་ཆོད་པའི་སྒོ་ནས་ཕར་རྒོལ་བྱས་ཏེ་དུས་ཡུན་ཐུང་ཤོས་ཀྱི་ནང་ལི་ཆེ་གེ་མོ་བཟུང་ནས་ཁྲིམས་སྦྱོར་བྱས། དཔང་རྟགས་ཁུངས་བཙན་གྱི་མདུན་དུ་ལི་ཆེ་གེ་མོ་ཡིས་གོ་གནས་ལ་བརྟེན་ནས་ཧམ་བཟུང་བྱས་པའི་ཉེས་གསོག་དོན་དངོས་ཁས་བླངས་པ་རེད། མིག་སྔར་ལི་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཟིན་པ་དང་གྱོད་གཞི་དེ་རིམ་གྱིས་ཐག་གཅོད་བྱེད་བཞིན་ཡོད།
ཉེན་རྟོག་ཕྱོགས་ཀྱི་དྲན་སྐུལ།
གོ་གནས་ལ་བརྟེན་ནས་ཧམ་བཟུང་བྱས་པའི་ནག་ཉེས་ཞེས་པ་ནི་ཀུང་སི་དང་། ཁེ་ལས། ཡང་ན་སྡེ་ཚན་གཞན་དག་གི་ལས་དོན་མི་སྣས་གོ་གནས་ཐོག་གི་སྟབས་བདེ་བེད་སྤྱད་དེ་སྡེ་ཚན་དེ་གའི་རྒྱུ་ནོར་ཁྲིམས་འགལ་གྱིས་ཧམ་བཟུང་བྱེད་པ་དང་གྲངས་འབོར་ཅུང་མང་བའི་བྱ་སྤྱོད་ལ་ཟེར། རྒྱུན་མཐོང་གི་མཚོན་ཚུལ་གྱི་རྣམ་པ་ནི། ཚོང་ཤགས་གི་ཟོག་དངུལ་བསྡུ་ལེན་དང་། འགྱུར་རྟེན་བསྡུ་ལེན་བྱས་རྗེས་རྩིས་ཐོའི་ནང་དུ་མི་འགོད་པར་སྒེར་སྤྱོད་བྱེད་པ། གོ་གནས་ཀྱི་སྟབས་བདེ་བེད་སྤྱད་དེ་ཀུང་སིའི་རྒྱུ་ནོར་བཙོངས་ནས་ཧམ་བཟུང་བྱེད་པ་སོགས་ཡིན།
ཁེ་ལས་ཁག་གིས་ནང་ཁུལ་གྱི་ནོར་དོན་ལྟ་སྐུལ་དོ་དམ་དང་མི་སྣའི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་དུས་བཀག་ལྟར་སྒྲིག་སྲོལ་དང་མཐུན་པའི་གསོ་སྦྱོང་བྱེད་དགོས། གལ་ཏེ་གོ་གནས་ལ་བརྟེན་ནས་ཧམ་བཟུང་བྱས་པའི་ནག་ཉེས་ཀྱི་ཁུངས་སྣེ་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་སྤྱི་བདེ་ལས་ཁུངས་ལ་སྙན་སེང་ཞུ་དགོས།