གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་12ཉིན། 15:31】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཚེས་11ཉིན་མཚོ་སྔོན་ཞིང་ཆེན་གེ་སར་གྱི་ལོ་རྒྱུས་སྙན་ངག་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ནས་གནས་ཚུལ་སྤེལ་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་《གེ་སར་》གྱེར་འདོན་སྨྱན་མང་གྲངས་མཛོད་སྐྲུན་པའི་དུས་རིམ་དང་པོའི་རྣམ་གྲངས་ཆེད་ལས་མཁས་ཅན་གྱིས་ཞིབ་དཔྱད་རྩིས་ལེན་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེས་ཀྲུང་གོའི་ཡུལ་སྐད་ཁུལ་ལས་བརྒལ་བའི་གྲངས་མཛོད་ཐོག་མ་སྟེ། ཁག་24དང་། ཡི་གེ་ཁྲི་310ལྷག་ཙམ་ལྡན་པ། གླུ་ལེན་དུམ་བུ་1020ལྷག་ཙམ་བསྡུ་རུབ་བྱས་པ་བཅས་ལས་གེ་སར་གྱི་ལོ་རྒྱུས་སྙན་ངག་སྲུང་སྐྱོང་ཞིབ་འཇུག་བྱ་རྒྱུར་དོན་དངོས་ར་སྤྲོད་ཀྱི་དཔྱད་གཞི་མཁོ་འདོན་བྱས་ཡོད་པ་རེད།
《གེ་སར་རྒྱལ་པོ་》དང་། 《ཧོ་མ་ལོ་རྒྱུས་སྙན་ངག》 《ཅིར་ཅ་མེ་ཧྲིའི་ལོ་རྒྱུས་སྙན་ངག་》གསུམ་ལ་གོ་ལ་ཧྲིལ་པོའི་ལོ་རྒྱུས་སྙན་ངག་ཆེན་པོ་གསུམ་ཞེས་བརྗོད་ཀྱི་ཡོད། 2006ལོར་《གེ་སར་རྒྱལ་པོ་》རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་ཁག་དང་པོའི་མིང་ཐོའི་ནང་བཅུག་པ་དང་། 2009ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་བརྩམས་ཆོས་མིང་ཐོའི་ནང་བཅུག་པ་རེད།
ཀྲུང་གོའི་གསོན་རྣམ་ལོ་རྒྱུས་སྙན་ངག་འབའ་ཞིག་སྲུང་སྐྱོང་བྱེད་ཆེད་དང་། ཀྲུང་གོའི་མ་ལག་རང་བཞིན་གྱི་ཕབ་ལེན་དང་གཞུང་ཕྱོགས་ཀྱི་གཙོ་ཁྲིད་རྣམ་པའི་གྲངས་མཛོད་ཀྱི་སྟོང་ཆ་ཁ་གསབ་བྱེད་ཆེད། ཡུལ་ཤུལ་ཁུལ་གྱིས་《གེ་སར་》གྱེར་འདོན་མྱུར་སྐྱོབ་ཟིན་ཐོའི་སྨྱན་མང་གྲངས་མཛོད་གཏོད་པའི་ལོ་གསུམ་གྱི་འཆར་གཞི་ལག་བསྟར་བྱེད་འགོ་བཙུགས་ཡོད། དུས་རིམ་དང་པོའི་རྣམ་གྲངས་དེ་“མྱུར་སྐྱོབ་རང་བཞིན་གྱི་ཟིན་ཐོ་”ལྟེ་བར་དམིགས་ནས་རྒྱབ་ལྗོངས་ཀྱི་དོན་སྙིང་དང་། ལག་ལེན་བསྟར་རིམ་ཞིབ་ཕྲ། ཕན་ཀྱི་འབྲས་རིན་ཐང་བཅས་ཀྱི་ཐད་ནས་སྐུལ་འདེད་བཏང་ནས་ཕྱིས་ཀྱི་སྲུང་སྐྱོང་ཞིབ་འཇུག་ལས་དོན་ལ་རྨང་གཞི་བཏིང་ཡོད་པ་རེད།
རྣམ་གྲངས་ཁག་གཉིས་སུ་དབྱེ་ནས་སྒྱུ་རྩལ་པ་122བདམས་ཡོད་པའི་ནང་ཡུལ་ཤུལ་ས་གནས་དེ་གའི་སྒྱུ་རྩལ་པ་20དང་། ཨ་མདོ་དང་། དབུས་གཙང་། ཁམས་ཡུལ་བཅས་ཡུལ་སྐད་ཆེན་པོ་གསུམ་གྱི་སྒྱུ་རྩལ་པ་102ཚུད་ཡོད། དེའི་ནང་ལོ་ན་6ནས་86བར་ཡིན་པ་དང་ཆེད་ལས་རང་བཞིན་དང་སྣ་མང་རང་བཞིན་ལ་ལྟ་རྟོག་བྱས་ཡོད་པ་རེད། “ཡུལ་ཤུལ་གྱི་ཁྱད་ཆོས།+ཆ་ཚང་རང་བཞིན། +འཐུས་ཚབ་རང་བཞིན་”ལ་དམིགས་ཏེ་སྤྱིའི་ཞིབ་ཐོ་66བདམས་ཤིང་། ཐེངས་དང་པོར་ཁག་23ཕབ་ལེན་བྱས་ཟིན་པ་དེའི་ནང་ལྟེ་བ་ཁག་11དང་ཁྱད་ཆོས་ལྡན་པ་ཁག་12ཡོད་པ་དང་། སྤྱིའི་སྒྲ་ཟློས་དུས་ཡུན་ཆུ་ཚོད་300ལས་བརྒལ་ཡོད་པ་རེད།
རྣམ་གྲངས་དེ་ལག་བསྟར་བྱས་པ་དེས་ལོ་ན་མཐོ་བའི་སྒྱུ་རྩལ་པ་5ཡི་ཐུན་མོང་མ་ཡིན་པའི་སྒྲ་དབྱངས་བོར་བརླག་དུ་འགྲོ་བར་སེམས་བྲལ་མི་དགོས་པར། “སྒྲ་དང་ཡིག་ཆ་མཉམ་འདེབས་ཀྱི་”ཚད་ལྡན་ཅན་གྱི་ཐོན་ཁུངས་ཁག་དང་པོ་ཆགས་ཡོད་པ་རེད། དེ་དང་ཆབས་ཅིག་ཡུལ་སྐད་ཁུལ་ཆེན་པོ་གསུམ་གྱི་སྒྱུ་རྩལ་མཁས་ཅན་མཉམ་འགུལ་ཐོག་ནས་ཉམས་འགྱུར་མི་འདྲ་བའི་འཁྲབ་སྟོན་བསྡུ་རུབ་བྱས་ཏེ་ཀྲུང་གོའི་ཡུལ་སྐད་ཁུལ་ལས་བརྒལ་བའི་གྲངས་མཛོད་ཀྱི་ལྟེ་བའི་རྒྱུ་ཆ་འཚོལ་བསྡུ་དང་པོ་ཆགས་པ་དང་། གེ་སར་གྱི་ལོ་རྒྱུས་སྙན་ངག་སྲུང་སྐྱོང་ཞིབ་འཇུག་དེ་“ཐར་ཐོར་སྲུང་སྐྱོབ་”ནས་མ་ལག་སྲུང་སྐྱོང་བར་དང་། ས་གནས་དེ་གའི་རྒྱུན་འཛིན་ནས་ས་ཁོངས་ལས་བརྒལ་བའི་མཉམ་འགུལ་བར། ཟིན་ཐོ་ཁོ་ན་འགོད་པ་ནས་སློབ་གསོའི་ནུས་པ་ལྡན་པའི་བར་གྱི་མཆོང་སྐྱོད་ཆེན་པོ་གསུམ་མངོན་འགྱུར་བྱུང་ཡོད།