གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་28ཉིན། 14:40】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཧྥིན་ལན་གྱི་ཞིབ་འཇུག་ཞིག་ལས་མངོན་པ་ལྟར་ན། དགོང་མོ་ཆུ་ཚོད་7ནས་9བར་ཉལ་ན་ད་གཟོད་ལྗིད་ཚད་ཇེ་ཆུང་དུ་གཏོང་བར་ཕན་ཐོགས་ཆེ་ཤོས་འདུག
ལྗིད་ཚད་ཇེ་ཆུང་དུ་གཏོང་བའི་མི་ཚོགས་ལ་དམིགས་པའི་ཧྥིན་ལན་གྱི་ཞིབ་འཇུག་གསར་པ་ཞིག་ལས་མངོན་པར། གཉིད་ཀྱི་སྤུས་ཚད་ནི་ལུས་པོའི་ལྗིད་ཚད་དོ་དམ་དང་འབྲེལ་བ་དམ་ཟབ་ཡོད་པ་སྟེ། དགོང་མོ་གཉིད་ཉལ་བའི་དུས་ཡུན་དང་། ཉིན་མཚན་གྱི་ཚིགས་འགྲོས་དང་དེ་བཞིན་ཉིན་མོ་རིག་པ་དྭངས་ལོད་བཅས་ཀྱིས་མི་རྣམས་ཀྱི་ལུས་པོའི་ལྗིད་ཚད་ཇེ་ཆུང་དུ་གཏོང་བའི་ཕན་འབྲས་ལ་ཤུགས་རྐྱེན་མངོན་གསལ་དོད་པོ་ཐེབས་སྲིད། དགོང་མོ་ཆུ་ཚོད་7ནས་9བར་ཉལ་མཁན་དག་ལྗིད་ཚད་ཇེ་ཆུང་དུ་འགྲོ་བའི་ཐད་མངོན་ཚུལ་ཡག་ཤོས་ཡིན་པ་རེད།
ཉེ་ཆར་ཧྥིན་ལན་ཧེར་ཤིན་ཅི་སློབ་ཆེན་སོགས་ལས་ཁུངས་ཀྱི་ཞིབ་འཇུག་མི་སྣས་རིག་གཞུང་དུས་དེབ་《ཚོན་པོ་གསོ་རིག་》ཐོག་དཔྱད་རྩོམ་སྤེལ་ནས་ངོ་སྤྲོད་བྱས་པ་ལྟར་ན། ཁོང་ཚོས་ཧྥིན་ལན་གྱི་“ལུས་པོའི་ལྗིད་ཚད་དོ་དམ་ཁྱིམ་པའི་”བདེ་ཐང་ལྗིད་ཚད་ཇེ་ཆུང་དུ་གཏོང་བའི་མཛུབ་ཁྲིད་རྣམ་གྲངས་ནང་ཞུགས་མཁན་ནར་སོན་1800ལྷག་ཙམ་ལ་ཞིབ་འཇུག་བྱས་པ་དང་། མི་དེ་དག་གིས་དུས་ཡུན་ལོ་གཅིག་གི་གཞི་གྲངས་ཅན་གྱི་འཚོ་བ་སྐྱེལ་སྟངས་ལ་ཐེ་གཏོགས་བྱེད་སྐབས་ལུས་པོའི་ལྗིད་ཚད་འགྱུར་ལྡོག་དང་དེ་བཞིན་གཉིད་ཉལ་བའི་དུས་ཡུན་དང་། ཉིན་མཚན་གྱི་ཚིགས་འགྲོས་ཉིན་མོ་རིག་པ་དྭངས་ལོད། གཉིད་ཉལ་སྐབས་ཀྱི་དབུགས་འབྱིན་རྔུབ་མཚམས་འཇོག་གི་ཚུལ་སོགས་ཀྱི་གཞི་གྲངས་ཟིན་ཐོར་བཀོད་ཡོད་པ་རེད།
དབྱེ་ཞིབ་བྱས་པ་ལྟར་ན། གཉིད་ནི་ལུས་པོའི་ལྗིད་ཚད་དོ་དམ་ཐུབ་པའི་གནད་འགག་གི་ལྷུ་ཚིགས་ཤིག་ཡིན་པ་དང་། དགོང་མོ་རེར་ཆུ་ཚོད་7ཡང་མ་ཉལ་བ་ནི་ལྗིད་ཚད་ཇེ་ཆུང་དུ་གཏོང་ཁག་པོ་ཡོད་པ་དང་འབྲེལ་བ་ཡོད། དགོང་མོ་རེར་ཆུ་ཚོད་7ནས་9བར་ཉལ་མཁན་ཚོ་ལུས་པོའི་ལྗིད་ཚད་ཇེ་ཆུང་དུ་གཏོང་བར་ཕན་ཐོགས་ཆེན་པོ་ཡོང་གིན་ཡོད་པ་རེད། གཞན་ཡང་སྔ་མོ་ཉལ་བ་དང་སྔ་མོ་ལངས་མཁན་གྱི་ཆ་སྙོམས་ལྗིད་ཚད་ཇེ་ཆུང་དུ་གཏོང་བའི་ཕན་འབྲས་ནི་ཕྱི་མོ་ཉལ་བ་དང་ཕྱི་མོ་ལངས་པའི་མི་ལས་ལེགས་པ་དང་། གཉིད་ཉལ་ནས་དབུགས་འབྱིན་རྔུབ་མཚམས་བཞག་པའི་གནས་ཚུལ་ཡོད་པའི་མིའི་ལྗིད་ཚད་ཇེ་ཆུང་དུ་འགྲོ་ཤུགས་ཆུང་བ་དང་། ཉིན་མོ་ནུས་ཤུགས་ཆེ་ཞིང་རིག་པ་དྭངས་པའི་མིའི་ལྗིད་ཚད་ཇེ་ཆུང་དུ་གཏོང་བར་ཕན་འབྲས་མངོན་གསལ་དོད་པོ་ཡོད་པ་རེད།
གཞན་ཡང་ཞིབ་འཇུག་དེའི་ཐོག་ནས་གྲངས་འཛིན་ཅན་གྱི་འཚོ་བ་སྐྱེལ་སྟངས་ལ་ཐེ་གཏོགས་བྱས་ཚེ་ལུས་པོའི་ལྗིད་ཚད་དོ་དམ་ལ་རྒྱབ་སྐྱོར་ནུས་ལྡན་བྱེད་ཐུབ་ཀྱིན་ཡོད་པའང་མཚོན་པ་རེད།