གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་28ཉིན། 14:27】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཁེ་གཅིག་ལ་སྒོར་755ཡི་རིན་གོང་མཐོན་པོའི་ཐོག་ནས་ཕྱིར་བསྡུ་བྱས་པའི་གསེར་དག་མའི་མགུལ་རྒྱན་དེས་གསེར་ཚོང་ཁང་གི་སྦྱིན་བདག་ལ་སྒོར་ཁྲི་ཕྲག་ཁ་ཤས་གྱོང་གུན་བཟོས་ཡོད། འོ་ན་དེའི་གནད་དོན་གང་ནས་བྱུང་བ་རེད།
ཉེ་ཆར་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཁྲང་ཤིན་རྫོང་ཉེན་རྟོག་ཕྱོགས་ཀྱིས་ཆེད་དུ་གསེར་ཚོང་ཁང་ལ་དམིགས་པའི་“རུའེ་གསེར་”གྱི་ཁ་བསླུས་གྱོད་གཞི་ཞིག་རྩད་ཆོད་པ་དང་ཞིང་ཆེན་བརྒལ་ནས་ཉེས་གསོག་དོགས་ཡོད་མི་སྣ་2འཛིན་བཟུང་བྱས་པ་དང་། གྱོད་གཞི་དང་འབྲེལ་བའི་རིན་ཐང་སྒོར་ཁྲི་80ལྷག་ཙམ་ཟིན་ཡོད་པ་རེད།

ཉེན་རྟོག་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པར་གཞིགས་ན། འདི་ལོའི་ཟླ་8པའི་ཟླ་མཇུག་ཏུ། ཀྲེ་ཁྲེང་མངགས་གཏོང་ཁང་ལ་ཁོངས་གཏོགས་ཁུལ་གྱི་གསེར་ཚོང་ཁང་ཞིག་གི་ཉེན་བརྡ་འབྱོར་བ་དང་། འགན་འཁུར་བས་བཤད་རྒྱུར། ཁོ་ཚོས་དེ་གོང་ཁེ་རེར་སྒོར་755ཡི་ཁྲོམ་རའི་རིན་གོང་ལྟར་གསེར་དག་མའི་མགུལ་རྒྱན་ཞིག་ཕྱིར་བསྡུ་བྱས་ཡོད། དང་ཐོག་གནས་ཚུལ་གང་ཡང་བྱུང་མེད་མོད། འོན་ཀྱང་རྗེས་སུ་ཞིབ་དཔྱད་བྱས་པ་བརྒྱུད་མགུལ་རྒྱན་དེ་ནི་“གཟིག་ལྤགས་གཡོགས་པའི་བོང་བུ་”ཞིག་ཡིན་པ་ཤེས་རྟོགས་བྱུང་བ་སྟེ། དེའི་ནང་ཁུལ་དུ་ཆ་རྒྱུས་མེད་པའི་ལྕགས་རིགས་འབོར་ཆེན་བསྲེས་ཡོད་པ་དང་། གསེར་དག་མ་ཞིག་རྩ་བ་ནས་མ་ཡིན་པ་རེད། ཕྱིས་སུ་ཕྱོགས་གསུམ་པའི་ཆེད་ལས་སྒྲིག་གཞིས་དྲོད་ཚད་མཐོ་བའི་བཞུ་སྦྱང་བྱེད་ཐབས་ཐོག་ནས་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད་གསེར་དག་མར་སྨྲ་བ་དེའི་ནང་གསེར་72.9%ལས་མེད་པ་ཤེས་རྟོགས་བྱུང་བ་རེད།

ཞིབ་དཔྱད་སྙན་ཞུའི་བདེན་དཔང་ཡང་དག་ཐོབ་རྗེས། ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་ཀྲི་ཁྲེང་མངགས་གཏོང་ཁང་དང་མཉམ་འབྲེལ་བྱས་ནས་མྱུར་དུ་མྱུལ་ཞིབ་བྱས་པ་དང་མྱུལ་ཞིབ་ཉེན་རྟོག་པས་མྱུར་དུ་ཉེས་གསོག་དོགས་ཡོད་མི་སྣ་ལི་ཆེ་གེ་མོ་དང་ཀྲོའུ་ཆེ་གེ་མོ་(ཚང་མ་མིང་དངོས་མིན།)གཉིས་གཏན་འཁེལ་བྱས་རྗེས། ཨན་ཧུའེ་ཡི་ས་ཆ་ག་གེ་མོ་ཞིག་ཏུ་སོང་ནས་ཁོ་གཉིས་འཛིན་བཟུང་བྱས། ཁོ་གཉིས་ཀྱིས་ཁ་བསླུས་ཀྱི་དོན་དངོས་ཁས་ལེན་བྱས་ཏེ་བརྗོད་དོན། ད་ལོའི་ཟླ་7པ་ནས་བཟུང་ཀྲོའུ་ཆེ་གེ་མོ་ཡིས་ལྕགས་རིགས་“རུའེ་”ཡི་ཕྱི་ཚུལ་གསེར་དང་འདྲ་མཚུངས་དང་སྟུག་ཚད་འདྲ་མཚུངས་ཡིན་པའི་ཁྱད་ཆོས་སྤྱད་དེ་གསེར་གྱི་ནང་དུ་རེ་བསྲེས་ནས་རྒྱན་ཆའི་རིགས་བཟོས་པ་དང་། དེ་ནས་ལི་ཆེ་གེ་མོ་སོགས་ཀྱིས་གསེར་དག་མར་རྫུས་ནས་ཨན་ཧུའེ་དང་། ཀྲེ་ཅང་། ཅང་སུའུ། ཅང་ཤིས་སོགས་ས་ཁུལ་གྱི་གསེར་ཚོང་ཁང་མང་པོར་བཙོངས་ཡོད། རུའེ་ཡི་ཞུ་ཚད་དང་སྟུག་ཚད་གསེར་དང་ཧ་ཅང་འདྲ་མཚུངས་ཡིན་པའི་དབང་གིས་མིག་དང་ལག་པ་ཁོ་ནར་བརྟེན་ནས་དབྱེ་འབྱེད་བྱེད་དཀའ་བས་གསེར་ཚོང་ཁང་མང་པོ་ཞིག་ལ་མགོ་སྐོར་ཐེབས་ཡོད།

མིག་སྔར་ཁོང་གཉིས་ཁ་བསླུས་བྱས་ཉེས་ཀྱི་དོགས་པ་ཡོད་པའི་དབང་གིས་ཁྲང་ཤིན་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་། གྱོད་གཞི་སྔར་བས་ཐག་གཅོད་བྱེད་བཞིན་ཡོད་པ་རེད།
ཉེན་རྟོག་ཕྱོགས་གྱིས་“གསེར་”ནང་སྦས་པའི“རུའེ་”ཡི་ཕྱི་གཟུགས་ནི་དཀར་པོའམ་ཡང་ན་སྐྱ་མདོག་ཡིན་ཡང་། གསེར་དང་མཉམ་འདྲེས་བྱས་ན་དབྱེ་བ་འབྱེད་དཀའ་བའི་དྲན་སྐུལ་བྱས་པ་རེད། འཛད་སྤྱོད་པས་གསེར་ཉོ་སྐབས་ཡིད་ལ་འཛིན་དགོས་པ་སྟེ། མཚན་སྙན་བཟང་བའི་ཚོང་རྟགས་དང་ཚོང་ཁང་འདེམས་དགོས་པ་དང་། འབྱུང་ཁུངས་གསལ་པོ་མེད་པའི་གསེར་གྱི་རྒྱན་ཆ་ལ་དོགས་ཟོན་བྱེད་དགོས། ཡག་ཤོས་བྱུང་ན་ཆེད་ལས་སྒྲིག་ཆས་ལ་ཞིབ་བཤེར་བྱས་རྗེས་ཉོ་ཚོང་བྱེད་དགོས་ཞེས་དྲན་བརྡ་བཏང་ཡོད་པ་རེད།
