འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་28ཉིན།

༄༅།།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་བྱས་ཏེ་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་དགོས།

—— ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་28ཉིན། 14:19】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དུས་རབས་གསར་པའི་བསྙོན་མེད་དོན་དམ་ཞིག་རེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོར་གཏན་འཁེལ་བྱས་ནས། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་གཅིག་རྒྱུན་གཅིག་འཛིན་ཐུབ་ཡོད་ལ། འབྱུང་འགྱུར་ལོ་ལྔའི་འཕེལ་ཕྱོགས་གནད་ལ་འཁེལ་པོས་ཁོང་དུ་ཆུད་པའི་རྨང་གཞིའི་ཐོག་འཐབ་ཇུས་ཀྱི་ལས་འགན་བཀོད་སྒྲིག་བྱས་ཡོད་པས། ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་འདིར་མུ་མཐུད་དམ་འཛིན་ནན་པོ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་མཛུབ་ཁྲིད་ཀྱི་ནུས་པ་གལ་ཆེན་ལྡན་ཡོད།

     “ལོ་ལྔ་ཚན་བཅུ་བཞི་པ”ཡི་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་གཙོ་བོ་འདིར་དམ་པོར་དམིགས་ནས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་གཏིང་ཟབ་བསྟར་བ་དང་། སྤུས་ཚད་ཀྱི་འཕོ་འགྱུར་དང་། ལས་ཕྱོད་ཀྱི་འཕོ་འགྱུར། སྒུལ་ཤུགས་ཀྱི་འཕོ་འགྱུར་བཅས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། ཀྲུང་གོའི་དཔལ་འབྱོར“འབོར་ཚད”ཐད་བསྟུད་མར་འགག་སྒོ་གསར་པ་ནས་མཆོང་སྐྱོད་ཡོང་བ་དང་། “སྤུས་ཚད”ཐད་རྒྱུན་མཐུད་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་བཏང་ཡོད།

     ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་བླང་བྱ་དང་ཤུགས་རྒྱག་ས་གལ་ཆེན་ཞིག་རེད། “ལོ་ལྔ་ཚན་བཅུ་བཞི་པ”ཡི་རིང་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་ཧུར་ཐག་གཏོང་བའི་ལག་ལེན་ཁྲོད། ང་ཚོས“ལོ་ལྔ་ཚན་བཅོ་ལྔ་པ”ཡི་རིང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མུ་མཐུད་བརྗོད་དོན་གཙོ་བོར་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་རྒྱུ་དེ་བས་མངོན་གསལ་དོད་པའི་འཐབ་ཇུས་ཀྱི་གནས་བབ་ཏུ་འཇོག་དགོས་དོན་གང་ཡིན་པར་གོ་བ་གཏིང་ཟབ་ལེན་དགོས།

     འཕེལ་རྒྱས་ཀྱི་གྲུབ་ཆ་དེ་བས་ལེགས་སུ་ཕྱིན་ཞིང་། སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ཐུབ་པ་དང་། གསར་དར་ཐོན་ལས་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་ཕྱིན་པ། འབྱུང་འགྱུར་ཐོན་ལས་སྔོན་ཚུད་ནས་བཀོད་ཇུས་ཐུབ་པ་བཅས་བྱུང་ཞིང་། རང་རྒྱལ་གྱི་མཐོ་གསར་ལག་རྩལ་ཁེ་ལས་ཀྱི་གྲངས་འབོར་2020ལོའི་ཁྲི་27ནས་ཁྲི་50ལྷག་ཙམ་བར་མང་དུ་ཕྱིན་པ་དང་། ལས་རྣམ་གསར་པ་དང་དཔེ་རྣམ་གསར་པ་དབྱར་མཚོ་རྒྱས་པ་བཞིན་དར་བ། སྔོན་ཐོན་ཐོན་ལས་འདུས་འབྲེལ་ཁྱུ་ཚོགས་ཆགས་པ། མདུན་གྲལ་ཁྱབ་ཁོངས་གསོ་སྐྱོང་མགྱོགས་མྱུར་ཐུབ་པ་བཅས་བྱུང་ཡོད།

     འཕེལ་རྒྱས་ཀྱི་སྒུལ་ཤུགས་དེ་བས་ཆེ་རུ་ཕྱིན་ཞིང་། རིམ་རྩིས་བརྒྱབ་ན་ཕུལ་བྱུང་རིམ་པའི་རིག་ནུས་བཟོ་གྲྭ་230ལྷག་ཙམ་དང་5Gབཟོ་གྲྭ་1260བསྐྲུན་པ་དང་། གསར་དར་ཐོན་ལས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་60ལྷག་ཙམ་སྐྱེད་སྲིང་དང་ཆགས་པ། རྒྱལ་ཁབ་རིམ་པའི་མི་ཐབས་རིག་ནུས་ཀྱི་ཆེད་ཞིབ་ཁྱད་གསར་བཞིའི“གྱད་མི་ཆུང་ཆུང”ཁེ་ལས་400ལྷག་ཙམ་ཟིན་པ་སོགས། ཚན་རྩལ་གསར་གཏོད་ཀྱིས་ཐོན་སྐྱེད་ནུས་ཤུགས་གསར་མར་རྒྱུན་ཆད་མེད་པར་སྐུལ་སྤེལ་དང་། སྣེ་ཁྲིད། རྒྱ་སྟོབས་ཆེ་རུ་གཏོང་བ་བཅས་བྱས་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་འཕེལ་ཡོད།

     འཕེལ་རྒྱས་ཀྱི་རྨང་གཞི་དེ་བས་མངོན་གསལ་དོད་དུ་ཕྱིན་ཞིང་། “ལོ་ལྔ་ཚན་བཅུ་བཞི་པ”ཡི་རིང་གི་ལོ་དང་པོ་ནས་བཞི་པའི་བར་རྩིས་གཞིའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་པའི་ཟད་གྲོན་རིམ་རྩིས་བརྒྱབ་ན་11.6%ཆག་པ་དང་། གོ་ལ་ཧྲིལ་པོའི་གློག་གཏོང་གཙང་མའི་མ་ལག་ཆེ་ཤོས་བསྐྲུན་པ། སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཁྲོད་ཆུ་ཚོད་ཆན་ཝ་3རེར་ལྗང་མདོག་གློག་ཆུ་ཚོད་ཆན་ཝ་1ཟིན་པ་སོགས། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་གཏོང་། སྔོ་ཁེབས་རྒྱ་ཆེར་གཏོང་བ། འཕར་སྣོན་བཅས་ལ་མཐུན་སྦྱོར་སྐུལ་འདེད་བཏང་བས་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་གྱི་གོམ་སྟབས་དེ་བས་བརྟན་དུ་ཕྱིན་ཡོད།

     “ལོ་ལྔ་ཚན་བཅོ་ལྔ་པ”ཡི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཇུས་འགོད་དང་བཀོད་སྒྲིག་བྱེད་པའི་སྐོར་ལ་ཚང་འཛོམས་གྲོས་ཚོགས་ཐོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་བྱ་རྒྱུ་དེ་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་རྩ་དོན་གལ་ཆེན་ཞིག་ཏུ་ཁ་གསལ་བཟོས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དེ་དམིགས་ཚད་གཙོ་བོ་ཨང་དང་པོར་བཞག་ཡོད། མིག་སྔར། སྔར་བཞིན་མངོན་གསལ་དོད་པའི་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་བྱེད་པའམ་ཡང་ན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་རྨང་གཞི་དེ་བས་བརྟན་པོ་ཞིག་འདིང་བ། ཡང་ན། ཕྱི་རོལ་ཁོར་ཡུག་གི་འགྱུར་ལྡོག་ལས་བྱུང་བའི་གཏན་འཁེལ་མེད་པའི་རང་བཞིན་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་གཅོག་པ་གང་ཞིག་ཡིན་པ་ཚང་མར་ང་ཚོས་ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་འདིར་མུ་མཐུད་དམ་འཛིན་ནན་པོ་བྱས་ཏེ་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། སྤུས་འབོར་གཉིས་ཀ་ལུགས་མཐུན་འཕར་བ་བཅས་བྱས་ནས་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

     ཚན་རྩལ་གསར་གཏོད་ནི་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་གི“འགག་རྩའི་འགྱུར་ཚད”ཡིན་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཚན་རྩལ་དེང་རབས་ཅན་ལ་བརྟེན་པ་དང་འདེགས་སྐྱོར་དུ་བྱེད་དགོས། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་ཚན་རྩལ་གསར་གཏོད་ནི་ལྟེ་བའི་རྒྱུ་རྐྱེན་གཙོ་བོ་རེད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཚན་རྩལ་གསར་གཏོད་སྣེ་ཁྲིད་དུ་བྱེད་པ་དང་དངོས་ཚན་དཔལ་འབྱོར་རྨང་གཞིར་བྱེད་པ། དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་པ་བཅས་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་མགྱོགས་པོ་ཡོང་བར་བྱེད་དགོས། ཐོག་མའི་གསར་གཏོད་དང་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ། སློབ་གསོ་ཚན་རྩལ་གྱི་ཤེས་ལྡན་པ་འཕེལ་རྒྱས་ལ་གཞི་གཅིག་སྐུལ་འདེད་གཏོང་བ། གྲངས་འཛིན་ཀྲུང་གོ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ཀྱི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་བརྟན་དུ་གཏོང་དགོས། དེ་དང་ཆབས་ཅིག ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་མཐུན་རྐྱེན་ངེས་ཅན་ལྡན་དགོས་པ་དང་། ངེས་པར་དུ་དོན་དངོས་ཀྱི་ཆོག་འཐུས་རང་བཞིན་ལ་བསམ་གཞིག་གང་ལེགས་བྱེད་དགོས། “ཡུལ་བབ་དང་བསྟུན་པའི”བླང་བྱར་སྟངས་འཛིན་ནན་པོ་བྱས་ཏེ་ཚན་རིག་དང་མཐུན་པའི་རྗེས་དཔག་དང་དངོས་ཐོག་བདེན་འཚོལ་གྱིས་ལས་དོན་སྤེལ་ནས་ཐོན་ལས་གསར་པ་དང་། དཔེ་རྣམ་གསར་པ། སྒུལ་ནུས་གསར་པ་བཅས་འཕེལ་རྒྱས་ལ་གདམ་ག་ཡོད་པའི་སྒོ་ནས་སྐུལ་འདེད་བཏང་སྟེ་འཕྲལ་དུ་བྱ་སྤྱོད་སྤེལ་རྒྱུ་སྔོན་འགོག་བྱེད་དགོས།

     རྒྱང་ལམ་གསར་པར་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་སྣེ་ཁྲིད་དུ་བྱེད་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་འདེགས་སྐྱོར་དུ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཏན་འཁེལ་རང་བཞིན་གྱིས་གཏན་འཁེལ་མེད་པའི་རང་བཞིན་སྣ་ཚོགས་ལ་ཁ་གཏད་གཅོག་པ་བཅས་བྱས་ཚེ། ང་ཚོས་རྒྱལ་ཁབ་འཕེལ་རྒྱས་ཡར་ཐོན་གྱི་ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་ཐུབ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗིད་ཆེའི་དམིགས་ཚད་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་ཐུབ་ངེས་རེད།