—— མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ལག་བསྟར་དྲུང་ཆེ་ཨ་ལི་སི་ཤ་པ་ནཱར་བཅར་འདྲི་ཞུས་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་28ཉིན། 09:53】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
“ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་འཚོག་རྒྱུའི་གྲོས་འགོ་བཏོན་གནང་བ་མ་ཟད། ད་དུང་གོ་ལ་ཧྲིལ་པོའི་ཕོ་མོ་འདྲ་མཉམ་དང་བུད་མེད་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བརྟན་པོ་གནང་བར་ང་ཚོས་བསྔགས་བརྗོད་ཞུ་རྒྱུ་ཡིན། ཕོ་མོ་འདྲ་མཉམ་ནི་རྒྱལ་ཁབ་གཅིག་གི་སྔོན་ཐོབ་བྱ་བ་ཞིག་རེད་ལ། དཔལ་འབྱོར་དང་སྤྱི་ཚོགས་ཡར་ཐོན་ལ་ཚད་འཇལ་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཀྱང་རེད” མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ལག་བསྟར་དྲུང་ཆེ་ཨ་ལི་སི་ཤ་པ་ནཱ་ཡིས་ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་ཞུ་སྐབས“བུད་མེད་ཀྱིས་གནམ་ཕྱེད་ཀ་འདེགས་ཀྱི་ཡོད་པས་ཁོང་ཚོ་ནི་འཕེལ་རྒྱས་ཀྱི་ཕན་པ་ཐོབ་མཁན་རེད་ལ། སྐུལ་འདེད་གཏོང་མཁན་དང་སྒྱུར་བཅོས་བྱེད་མཁན་དེ་བས་ཀྱང་རེད”ཅེས་བརྗོད།
“1995ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་བུད་མེད་ཚོགས་ཆེན་ཐེངས་བཞི་པ་འཚོགས་ཚུན། སྔར་བཞིན《པེ་ཅིང་གི་བསྒྲགས་གཏམ》དང《བྱ་སྤྱོད་ཀྱི་རྩ་འཛིན》གྱི་རོཌ་ཟླ་ཡག་ཤོས་ཡིན་པའི་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ས་ཁོངས་དང་གོ་ལ་ཧྲིལ་པོའི་ངོས་སུ་ཕོ་མོ་འདྲ་མཉམ་གྱི་གླེང་མོལ་ལ་ཁྲིད་སྟོན་བྱེད་ཀྱི་ཡོད། ཀྲུང་གོས་གོ་ལ་ཧྲིལ་པོའི་བུད་མེད་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ལེགས་སྐྱེས་འབུལ་ཚད་ཉིན་རེ་ལས་མ་འདས་པར་ཆེ་རུ་འགྲོ་བཞིན་ཡོད་པས་དེ་ལས་ང་ལ་ལྕག་སྐུལ་ཆེན་པོ་ཐེབས་བྱུང” ཨ་ལི་སི་ཤ་པ་ནཱ་ཡིས་ཀྲུང་གོས“བུད་མེད་དང་བྱིས་པའི་བདེ་ཐང་འདུ་འགོད”ཁག་100དང“སྤྲོ་སྣང་ལྡན་པའི་སློབ་གྲྭའི་འདུ་འགོད”ཁག་100ལག་ལེན་བསྟར་བ་དང་། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་མཉམ་ལས་བྱས་ཏེ་བྱིས་པ་བུ་མོ་དང་བུད་མེད་ཀྱི་སློབ་གསོའི་བྱ་དགའ་བཏོད་པ། པེ་ཅིང་དུ་གོ་ལ་ཧྲིལ་པོའི་བུད་མེད་འཕེལ་རྒྱས་མཉམ་ལས་སྤེལ་རེས་གསོ་སྦྱོང་རྟེན་གཞི་སོགས་བཙུགས་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་བུད་མེད་ཀྱི་འཚོ་གནས་དང་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ཡོད་ཅེས་དཔེ་དྲངས་ནས་བརྗོད། ན་ནིང་གི་ཟླ་བ་བཅུ་གཅིག་པར། “པེ་ཅིང+30”ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་ཐེ་ལན་གྱི་རྒྱལ་ས་པང་ཁོག་ཏུ་འཚོགས་ནས་འདས་ཟིན་པའི་ལོ་ལྔའི་ནང་གི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱིས《པེ་ཅིང་གི་བསྒྲགས་གཏམ》དང《བྱ་སྤྱོད་ཀྱི་རྩ་འཛིན》དོན་འཁྱོལ་བྱས་ཚུལ་གྱི་འཕེལ་རིམ་ལ་ཕྱོགས་ཡོངས་ནས་གྲོས་ཞིབ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱི་སྐུ་ཚབ་ཀྱིས་ཚོགས་འདུའི་ཐོག རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་ཁག་གི་བུད་མེད་འདྲ་མཉམ་དང་འཕེལ་རྒྱས་དོན་གཉེར་བྱེད་པའི་མཉམ་ཤུགས་གཅིག་སྡུད་བྱེད་པ་དང་བུད་མེད་ཕྱོགས་ཡོངས་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུའི་རེ་འབོད་བྱས་ཡོད། “ལས་དོན་དེ་དག་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྲིད་ཇུས་གྲོས་རིམ་དང་དེ་བཞིན་ས་ཁུལ་འདི་གའི་ཐུན་མོང་འདོད་མཐུན་དང་ཚད་མཐོའི་གཅིག་མཐུན་བྱུང་ཡོད”
ཨ་ལི་སི་ཤ་པ་ནཱ་ཡིས། ཉེ་བའི་ལོ་ཤས་རིང་། ཕོ་མོ་འདྲ་མཉམ་ལ་སྐུལ་སྤེལ་གཏོང་བའི་ཁྱབ་ཁོངས་ཐད་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་ལ་འཕེལ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། “པེ་ཅིང+30”ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་པུའུ་ཀྲང་རིམ་པའི་ཚོགས་འདུའི་ཐོག་མི་ཁྲི་བརྒྱ་ཕྲག་ཁ་ཤས་དབུལ་ཕོངས་ལས་སྒྲོལ་རོགས་དང་སྦྲུམ་མ་འཆི་ཚད་ཉུང་དུ་གཏོང་རོགས་བྱེད་པ་ནས་བུད་མེད་ལ་མཐོ་རིམ་སློབ་གསོ་ཐོབ་པ་དང་རིམ་པ་དེ་བས་མཐོ་བའི་ལས་ཀའི་ནང་ཞུགས་ཐུབ་པའི་གོ་སྐབས་མང་དུ་གཏོང་བའི་ཐད། རྒྱལ་ཁབ་ཁག་གིས་མི་སེམས་ལ་སྐུལ་མ་ཐེབས་པའི་དཔེ་མཚོན་མང་པོ་མཉམ་སྤྱོད་བྱས་ནས་བུད་མེད་ལ་དབང་ཆ་སྤྲད་པ་བརྒྱུད། བསྟུན་མཁས་རང་བཞིན་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་པའི་ནུས་པ་གསོན་ཉམས་དོད་པོས་མངོན་ཡོད་ཅེས་བརྗོད།
ཨ་ལི་སི་ཤ་པ་ནཱ་ཡིས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་དེ་ཕོ་མོ་འདྲ་མཉམ་ཁྱབ་ཁོངས་ཀྱི་ལྷོ་ལྷོ་མཉམ་ལས་ལ་སྐུལ་འདེད་གཏོང་བའི་རོགས་ཟླ་ཉེ་པོ་ཞིག་ཏུ་གྱུར་ཡོད། ཐུན་མོང་ཁས་ལེན་དང་མཉམ་སྡེབ་བྱ་སྤྱོད་བརྒྱུད་རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་རྒྱལ་ཁབ་ཀྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་དང་སྲིད་ཇུས་གསར་གཏོད་ལ་སྐུལ་འདེད་བཏང་སྟེ་དེ་བས་འདྲ་མཉམ་དང་བསྟུན་མཁས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་མགྱོགས་མྱུར་བསྐྲུན་ཡོད། “ཀྲུང་གོ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མཉམ་ལས་རྣམ་གྲངས་དང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་འགོ་བརྒྱུད། ས་ཁོངས་ཧྲིལ་པོར་བུད་མེད་ལ་དཔལ་འབྱོར་དབང་ཆ་སྤྲོད་པར་སྐུལ་འདེད་གཏོང་རྒྱུའི་ཐད་ང་ཚོས་མཉམ་དུ་གཞོལ་བཞིན་ཡོད”ཅེས་ངོ་སྤྲོད་བྱས།