གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་28ཉིན། 09:52】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཕོང་དབྱང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོ་མི་དམངས་དང་བླངས་དམག་ཕྱི་རྒྱལ་དུ་ཨ་འགོག་ཁྲའོ་རོགས་ཀྱི་དམག་འཐབ་ལ་ཞུགས་ནས་ལོ་ངོ་75འཁོར་བའི་མཚམས་སུ། ཚེས་24ཉིན་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱིས་ཕིང་ཨན་ནན་ཏའོ་ཀུའེ་ཚང་ཅུན་དུ་གནས་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་གུས་མཇལ་ཞུས་ནས་སྔོན་གཤེགས་དཔའ་བོ་ཚོར་བླ་ན་མེད་པའི་གུས་འདུད་ཞུས་པ་རེད།
གནས་ཚུལ་སྤེལ་བར་གཞིགས་ན། ཁྲའོ་ཞན་མི་དམངས་དམག་གི་གཟབ་སྦྲེང་རུ་ཁག་གིས་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་རུ་སྟར་བསྒྲིགས་པ་དང་ས་གནས་ས་ཐོག་ཏུ་ཀྲུང་གོ་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་ཞིང་། ཁྲའོ་ཞན་ཕྱོགས་ཀྱིས་ཅིན་ཀྲེང་ཨེན་དང་། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ལྷན། ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དོན་ཨུ་ལྷན་བཅས་ཀྱི་མིང་ཐོག་ནས་མེ་ཏོག་སི་ར་ཕུལ་བ་རེད།
གནས་ཚུལ་སྤེལ་བའི་ནང་བརྗོད་དོན། ཅིན་ཀྲེང་ཨེན་གྱིས་གུས་སྟབས་ཀྱིས་ལངས་ཏེ་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོར་ངག་བསྡམས་ནས་མྱ་ངན་ཞུས་པ་དང་། དེ་རྗེས་ཁོང་གིས་སྔོན་གཤེགས་དཔའ་བོ་མའོ་ཨན་དབྱིང་གི་བང་སོའི་མདུན་དུ་མྱ་ངན་རྗེས་དྲན་ཞུས་པ་དང་འབྲེལ་མེ་ཏོག་ཕུལ་ནས་གུས་འདུད་ཞུས་པ་རེད།
ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བའི་ནང་བརྗོད་དོན། “ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེཌ་དཔའ་བོ་ཚོས་ཁྲག་དྲོན་ལ་བརྟེན་ནས་རང་རྒྱལ་མི་དམངས་ཀྱི་གསར་བརྗེའི་དམག་འཁྲུག་ལ་རྒྱབ་སྐྱོར་བྱས་ཏེ། རྒྱལ་སྤྱིའི་རིང་ལུགས་ཀྱི་སྙིང་སྟོབས་དང་སྤུན་ཟླའི་མཛའ་བརྩེ་མངོན་པར་བྱས་ཡོད། ཁོང་ཚོའི་བཞིན་རས་ཁྲའོ་ཀྲུང་མཛའ་མཐུན་གྱི་རྩ་ཆེའི་མཚོན་རྟགས་ཤིག་ཡིན་པས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སེམས་སུ་གནས་ངེས་རེད”