གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་28ཉིན། 09:51】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་ཧན་གོའི་ཧྥུའུ་ཧྲན་ནས་གློག་འཕྲིན་འབྱོར་གསལ། མཉམ་འབྲེལ་རྒྱལ་ཚོགས་གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་གི་རྒྱལ་སྤྱི་ཨུ་ལྷན(ICG)གྱི་ཚོགས་ཆེན་སྐབས་བཅུ་དགུ་པ་ཚེས་19ནས་24ཉིན་བར་ཧན་གོའི་ཧྥུའུ་ཧྲན་དུ་འཚོགས་པ་རེད། ཀྲུང་གོ་སྲུང་སྐར་ཕྱོགས་སྟོན་མ་ལག་དོ་དམ་གཞུང་ལས་ཁང་གིས་ཀྲུང་གོའི་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་ནས་ཧན་གོར་ཚོགས་འདུར་ཞུགས་པ་རེད།
ཀྲུང་གོ་ཕྱི་འབྲེལ་པུའུ་དང་། བཟོ་འཕྲིན་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས། ཀྲུང་གོ་ཚན་རིག་ཁང་། ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོ་གློག་རྡུལ་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོ་སྲུང་སྐར་དྲ་རྒྱ་ཚོགས་པ་ཚད་ཡོད་ཀུང་སི་སོགས་ཀྱིས་འཐུས་མི་དང་རིགས་གཅིག་མཁས་ཅན་40ལྷག་ཙམ་མངགས་ནས་ཚོགས་འདུར་ཞུགས་པ་རེད།
སྐབས་འདིའི་ཚོགས་ཆེན་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་འཚོགས་ཤིང་། གོ་ལ་ཧྲིལ་པོ་དང་ས་ཁོངས་ཀྱི་སྲུང་སྐར་ཕྱོགས་སྟོན་མ་ལག་གི་མཁོ་འདོན་ཚོང་པ་དང་། ICGཁོངས་མིའི་རྒྱལ་ཁབ་དང་དེ་བཞིན་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་སོགས་ཐད་ཀྱི་སྐུ་ཚབ་300ལྷག་ཙམ་གྱིས་མ་ལག་དབར་གྱི་མཐུན་འཇུག་དང་། ཕན་ཚུན་བཀོལ་སྤྱོད། གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་གི་ཞིབ་ཚགས་པའི་བཀོལ་སྤྱོད་སོགས་གླེང་མང་བའི་གྲོས་གཞིར་དམིགས་ཏེ་སྤེལ་རེས་གཏིང་ཟབ་བྱས་ཡོད།