གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་28ཉིན། 09:49】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང“ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི”རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཆེད་དོན་ཚོགས་འདུ་ཞིང་ཆེན་གྱི་ལྟེ་གནས་ཟི་ལིང་དུ་འཚོགས་པ་རེད། གསར་འགོད་པར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། རྨ་ལྷོ་ཀྲོའུ་ཡིས་ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བཀོད་པ་དང་རང་འགུལ་ངང་འབྲེལ་སྦྱོར་མཉམ་འདྲེས་བྱས་ཤིང་། མིག་སྔར་ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་ཨ་མའི་གློག་འདོན་ཚད་ཆན་ཝ་ཁྲི་379ཟིན་པ་དང་། འཆར་འགོད་ལྟར་ན་2035ལོར་སླེབས་སྐབས་གསར་སྤེལ་ཐུབ་པའི་ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་ཨ་མའི་གློག་འདོན་ཚད་ཆན་ཝ་ཁྲི་2710.2ལས་བརྒལ་རྒྱུ་ཡིན་པ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཉིས་པོའི་རྗེས་ཀྱི་ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་རྟེན་གཞི་ཆེ་གྲས་གསུམ་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད་པ་རེད།
ད་ལོ་ཚུན་དུ། རྨ་ལྷོ་ཀྲོའུ་ཡི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་སྤུས་ཚད་མགྱོགས་མྱུར་མཐོ་རུ་ཕྱིན་པ་དང་འཕེལ་རྒྱས་ཀྱི་ཕན་འབྲས་མངོན་གསལ་དོད་པ་སྟེ། ཕྱོགས་གཅིག་ནས་ནུས་རྒྱུ་གཙང་མའི་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་2.1བཏང་ནས་ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་ཨ་མའི་གློག་འདོན་ཚད་མུ་མཐུད་འཕར་རྒྱུར་སྐུལ་འདེད་བཏང་བ་དང་། ཕྱོགས་གཞན་ཞིག་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་མགྱོགས་ལ་བརྟན་ཞིང་། ཉིན་མཐའ་ཆུ་ཤུགས་གློག་ཁང་དང་ལི་ཅ་ཞ་སོགས་ཆུ་འཐེན་ནུས་གསོག་གློག་ཁང་གསུམ་གྱི་དུས་འགོའི་ལས་ཀར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་ཐེབས་པ་དང་། གཅན་ཚ་ཐན་གྱི་འོད་ཤུགས་ཆན་ཝ་ཁྲི་30དང་། ཧོ་ནན་སོག་རིགས་རང་སྐྱོང་རྫོང་གི་རླུང་གློག་ཆན་ཝ་ཁྲི་25 ཐུན་རིང་གཉན་ཐོག་ནུས་གསོག་གློག་ཁང་དང་ཙེ་ཁོག་གི་ཆན་ཧྥུའུ་330ཡི་གློག་གཏོང་སྒྱུར་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་མགྱོགས་པོ་བྱུང་ནས་ཀྲོའུ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་རྒྱུན་མཐུད་ངང་བསྣན་ཡོད་པ་རེད།
དོ་ཁུར་བྱེད་འོས་པ་ཞིག་ལ། རྨ་ལྷོ་ཀྲོའུ་ཡིས་ཐོན་ལས་མཉམ་འདྲེས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ནུས་རྒྱུ་གཙང་མ་དང་ལྗང་མདོག་རྩིས་ནུས་ཟུང་འབྲེལ་གྱི་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་བཏང་ཞིང་། དེའི་ཁྲོད་བྱེ་ཐང་དང་། མྱ་ངམ་ཐང་། ཐང་རྒོད་བཅས་གསུམ་གྱི་རྟེན་གཞི་ཆེན་པོའི་ལེ་ལག་ཚང་བའི་རླུང་ཤུགས་རྣམ་གྲངས་དེ་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་ཞིབ་བཤེར་བདེ་བླག་ངང་ཐུབ་ཡོད། རྣམ་གྲངས་དེ་བསྐྲུན་ནས་སྤྱོད་འགོ་ཚུགས་རྗེས། རྨ་ལྷོ་ཀྲོའུ་ཡིས་ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་ཆེ་གྲས་གསུམ་པ་སྐྲུན་པའི་རྨང་གཞི་སྔར་བས་སྲ་བརྟན་དུ་ཕྱིན་ནས་ཐོན་ལས་འཕེལ་རྒྱས་ལ་སླར་ཡང་འགག་རྩའི་འདེགས་སྐྱོར་ཐུབ་རྒྱུ་རེད།