གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་28ཉིན། 09:48】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར“འགོ་ཚུགས་ཀྱི་འཛམ་གླིང་། ས་གཤིས་ཀྱི་མཆོག་ནོར”ཞེས་པའི་ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཟི་ལིང་དུ་འཚོགས་པ་རེད།
ཁམས་ར་ས་གཤིས་སྤྱི་གླིང་ད་ལོའི་ཟླ་4ཚེས་10ཉིན(པེ་ཅིང་གི་དུས་ཚོད་ཟླ་4ཚེས་11ཉིན)ཧྥ་རན་སེའི་ཕ་རི་སིར་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལག་བསྟར་ཅུས་ཀྱི་ཚོགས་འདུ་སྐབས་221པའི་ཐོག“མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ས་གཤིས་སྤྱི་གླིང”ཡིན་པ་དངོས་སུ་ཆོག་མཆན་ཐོབ་ཡོད། འདི་ནི་མཚོ་སྔོན་ཞིང་ཆེན་ནས་ཁུ་ནུ་རི་བོའི་རྗེས་ཀྱི་འཛམ་གླིང་ས་གཤིས་སྤྱི་གླིང་གཉིས་པ་དེ་ཡིན་པ་མ་ཟད། མཚོ་སྔོན་གྱི“འཛམ་གླིང་རིམ་པའི”མཚན་སྙན་ལྡན་པའི་རང་བྱུང་སྲུང་སྐྱོང་ཁུལ་7པ་ཡང་རེད།
ཁམས་ར་ལ་གཟི་བརྗིད་མཚན་སྙན་དེ་ཐོབ་པའི་ལྟེ་བའི་རིན་ཐང་ཕྱོགས་ཆེན་པོ་བཞིའི་ཐད་ནས་མངོན་ཏེ་ས་ཁོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“སྣ་མང་སྒུལ་ཤུགས”སུ་གྱུར་ཡོད། སྐྱེ་ཁམས་སྲུང་སྐྱོང་ཐད་ཁམས་ར་ཡིས་ཐོག་མཐའ་བར་གསུམ་དུ་རྩ་ཆེའི་ས་གཤིས་རྗེས་ཤུལ་དང་། ནགས་ཚལ་ཐོན་ཁུངས། ཆུ་འགོ་ཁུལ། སྐྱེ་དངོས་སྣ་མང་རང་བཞིན་བཅས་སྲུང་སྐྱོང་བྱ་རྒྱུ་ཨང་དང་པོར་བཞག་ནས་བརྒྱུད་རིམ་རང་བཞིན་གྱི་སྲུང་སྐྱོང་ལམ་སྲོལ་བཙུགས་པ་བརྒྱུད“སྐྱེ་ཁམས་ཀྱི་མ་རྩ”དེ“འཕེལ་རྒྱས་ཀྱི་མ་རྩར”འགྱུར་བར་བྱས་ནས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་སྦྱོར་ཡོང་བར་དཔྱད་གཞིར་འཛིན་ཆོག་པའི་མ་དཔེ་མཁོ་འདོན་བྱས་ཡོད་པ་རེད།
ས་ཁོངས་དར་རྒྱས་ཐད་ཁམས་ར་ཡིས་སྤུས་རྟགས་ཀྱི་རིན་ཐང་དང་ཁྲོམ་རའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་ནས་གོ་ལ་ཧྲིལ་པོའི་ཡུལ་སྐོར་བ་དང་། མ་འཇོག་ཚོང་པ། མཉམ་ལས་མཁན་བཅས་ཀྱི་ཡིད་དབང་འཕྲོག་པ་དང་། ཡུལ་སྐོར་ལས་རིགས་དང་འབྲེལ་ཡོད་ཐོན་ལས་འཁོར་འབྲེལ་འཕེལ་རྒྱས་ལ་སྐུལ་ཁྲིད། ལས་ཞུགས་ཀྱི་གོ་སྐབས་གཏོད་པ་བཅས་བྱས་ནས་ས་གནས་དེ་གའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་རམ་འདེགས་བྱས་ཡོད་པ་རེད།