འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་28ཉིན།

༄༅།།བོད་ལྗོངས་ནག་ཆུས་འཚོ་རྟེན་ལས་སྤྲོད་བྱས་པས་མ་འཇོག་གི་གཞི་ཁྱོན་དང་ལས་ཞུགས་སྐུལ་ཁྲིད་གཉིས་ཀར་ཚད་བརྒལ་བྱུང་བ།

2025ལོར་ཆེད་དོན་འཚོ་རྟེན་ལས་སྤྲོད་ཀྱི་རྣམ་གྲངས་30བར་མང་དུ་ཕྱིན་པ་དང་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་1.25ཟིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་28ཉིན། 09:47】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས་འཚོ་རྟེན་ལས་སྤྲོད་ཀྱི་རྣམ་གྲངས་རེ་ཞུ་དང་ལག་བསྟར་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། གནད་སྨིན་ཇུས་འདོན་དང་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད་མ་འཇོག་གི་གཞི་ཁྱོན་དང་ལས་ཞུགས་སྐུལ་ཁྲིད་གཉིས་ཀར་ཚད་བརྒལ་བྱུང་ཞིང་། མིག་སྔའི་བར་གྲོང་ཁྱེར་ཡོངས་ཀྱི་2025ལོའི་ཆེད་དོན་འཚོ་རྟེན་ལས་སྤྲོད་ཀྱི་རྣམ་གྲངས་30བར་མང་དུ་ཕྱིན་པ་དང་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་1.25ཟིན་པ་རེད། ལོ་ཧྲིལ་པོར་སྔོན་དཔག་བྱས་ན་མང་ཚོགས་ཁྲི་1.3ཐག་ཉེ་སར་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ནས་ངལ་ལས་གླ་ཆ་སྒོར་དུང་ཕྱུར་1.3སྤྲོད་རྒྱུ་རེད།

    ད་ལོ་ནས་བཟུང་། བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས་གསལ་ཐོ་ཅན་གྱི་དོ་དམ་ལ་བརྟེན་ནས་འཚོ་རྟེན་ལས་སྤྲོད་ལས་དོན་གཙོ་གནད་ཁྱབ་ཁོངས་སུ་སྣུར་སྲིང་བྱེད་པར་སྐུལ་འདེད་བཏང་སྟེ“སླར་ཡང་སྐུལ་འདེད་གཏོང་བ”དང“ཞིང་ལས་ལ་སྐུལ་འདེད་གཏོང་བའི”རྣམ་གྲངས་ཀྱི་གསལ་ཐོ་ཁག་296བཟོས་པ་མ་ཟད། རྣམ་གྲངས་འཛུགས་སྐྲུན་གྱི་ནང་དོན་དང་། ལས་མིའི་དགོས་མཁོ། ངལ་ལས་གླ་ཆ་སྤྲོད་པ་བཅས་ཀྱི་ཚད་གཞི་ཁ་གསལ་བཟོས་ཏེ་འཚོ་རྟེན་ལས་སྤྲོད་ལ་བརྟེན་ནས་འབབ་འཕར་ལ་སྐུལ་འདེད་གཏོང་བའི་དམིགས་ཚད་དོན་འཁྱོལ་ཏན་ཏིག་བྱས་པ་རེད།

    གྲབས་གསོག་རྣམ་གྲངས་གནད་སྨིན་འཆར་འགོད་བྱེད་པའི་ཐད། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་དམིགས་ཏེ་སྤུས་ལེགས་ཀྱི་འཚོ་རྟེན་ལས་སྤྲོད་རྣམ་གྲངས་25གྲབས་གསོག་འཆར་འགོད་བྱས་པར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་1.6བཏང་བ་དང་། མིག་སྔར་རྣམ་གྲངས་ཚང་མ་རང་སྐྱོང་ལྗོངས་ཀྱི་རྣམ་གྲངས་གྲབས་གསོག་མཛོད་ནང་བཅུག་ཡོད་པ་རེད། རེ་ཞུའི་བརྒྱུད་རིམ་ཚད་ལྡན་ནན་པོ་བྱེད་པའི་ཐད“རྫོང(ཆུས)གིས་ཐོག་མའི་ཞིབ་བཤེར་དང་གྲོང་ཁྱེར་རིམ་པས་བསྐྱར་ཞིབ་བྱེད་པའི”རིམ་གཉིས་ཞིབ་བཤེར་ལམ་སྲོལ་དོན་འཁྱོལ་བྱས་ཏེ། རིགས་གཅིག་མཁས་ཅན་ཚོགས་པ་སྒྲིག་འཛུགས་བྱས་ནས་རྣམ་གྲངས་རེ་ཞུའི་དཔྱད་གཞིའི་ཡིག་རིགས་ལ་གཅིག་སྡུད་ཞིབ་བཤེར་བྱས་པ་རེད།

    དེ་དང་ཆབས་ཅིག “དུས་རབས་གསར་པའི་འཚོ་རྟེན་ལས་སྤྲོད”སྲིད་ཇུས་གྲོང་ཨུད་ཏང་གི་སློབ་གྲྭའི་2025ལོའི་དཔྱིད་དུས་སློབ་དུས་ཀྱི་གསོ་སྦྱོང་སློབ་ཚན་ནང་བཅུག་ནས་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་འབྲེལ་ཡོད་ལས་སྒོའི་ལས་བྱེད་པ་260གསོ་སྦྱོང་ནང་ཞུགས་རྒྱུའི་སྒྲིག་འཛུགས་བྱས་ཏེ་རྣམ་གྲངས་དོ་དམ་དང་སྲིད་ཇུས་དོན་འཁྱོལ་སོགས་ཀྱི་ནང་དོན་གོ་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱས་ཏེ་ཆུ་ཚད་མཐོ་བའི་ལས་ཀའི་དཔུང་ཁག་བསྐྲུན་རྒྱུ་རེད། “གསོ་སྦྱོང་དང་ལས་ཞུགས”ཟུང་འབྲེལ་བྱས་པ་བརྒྱུད། དོན་འཁྱོལ་བྱས་པའི་རྣམ་གྲངས་274ཡིས་མང་ཚོགས་6108ཐག་ཉེ་སར་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པ་དང་། ངལ་ལས་གླ་ཆ་སྒོར་ཁྲི་5915.55སྤྲད་པས་མི་རེར་ཆ་སྙོམས་འབབ་འཕར་སྒོར་9684བྱུང་ཡོད་པ་རེད།