གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་28ཉིན། 09:46】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ནས་གནས་ཚུལ་འབྱོར་གསལ། མཚོ་སྔོན་གྱིས་ཐོན་ཁུངས་ཀྱི་ལེགས་ཆ་དང་ཐོན་ལས་ཀྱི་རྨང་གཞིར་གཞི་ཚུགས་ནས། བཟོ་ལས་དཔལ་འབྱོར་ལྗང་མདོག་ཅན་དང་། རིག་ནུས་ཅན། རྩེར་སོན་ཅན་བཅས་སུ་བསྒྱུར་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། གནས་ཐང་འཕར་ཁྲལ་འཛིན་ཤོག་གི་གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་བརྒྱད་པའི་བར། མཚོ་སྔོན་གྱི་བཟོ་ལས་ཁྱབ་ཁོངས་སུ་གསར་གཏོད་ལ་སྐུལ་འདེད་དང་ལྗང་མདོག་ཕྱོགས་སྒྱུར་ཐད་གསོན་ཤུགས་ཆེན་པོ་མངོན་པ་དང་། སྒུལ་ནུས་གསར་རྙིང་གི་བརྗེ་སྒྱུར་མགྱོགས་སུ་ཕྱིན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་མངོན་གསལ་དོད་པ་བཅས་བྱུང་ཡོད།
གསར་གཏོད་ལ་མ་དངུལ་གཏོང་ཤུགས་ཆེས་ཆེར་འཕར་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་མགྱོགས་མྱུར་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་བཟོ་ལས་ཁེ་ལས་ཀྱིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་དང་ལེན་ཧུར་ཐག་བྱས་ཏེ། ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ཤེས་རིག་བདག་དབང་ལ་མ་དངུལ་གཏོང་ཤུགས་མགྱོགས་མྱུར་འཕར་ཡོད། ཟླ་དང་པོ་ནས་བརྒྱད་པའི་བར། ཞིང་ཆེན་ཡོངས་ཀྱི་བཟོ་ལས་གཉེར་སྐྱོང་བྱེད་པོས་ལག་རྩལ་ཞབས་ཞུ་ཉོས་པའི་འཛིན་ཤོག་གི་དངུལ་གྲངས་དུས་མཚུངས་ལས་70.4%འཕར་ནས་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་ཆེས་ཆེར་བརྒལ་ཡོད། ལྷག་པར་དུ། ཤེས་རིག་བདག་དབང་ཞབས་ཞུ་ཉོས་པའི་འཛིན་ཤོག་གི་དངུལ་གྲངས་དུས་མཚུངས་ལས་ལྡབ་3.7འཕར་ཡོད། གྲངས་གཞི་དེ་དག་ལས་མཚོ་སྔོན་གྱི་བཟོ་ལས་དེ་གཙོ་རྒྱུར་སྐུལ་འདེད་གཏོང་བ་ནས་གསར་གཏོད་ལ་སྐུལ་འདེད་གཏོང་བར་འགྱུར་བཞིན་ཡོད་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ཀྱི་རྨང་གཞི་མགྱོགས་མྱུར་སྲ་བརྟན་དུ་འགྲོ་བཞིན་ཡོད་པ་མཚོན་ཡོད།
གྲངས་གཞིས་མཐུན་རྐྱེན་སྦྱོར་བའི་གོམ་སྟབས་མགྱོགས་སུ་ཕྱིན་ནས་མཉམ་འདྲེས་འཕེལ་རྒྱས་མུ་མཐུད་གཏིང་ཟབ་ཏུ་སོང་ཞིང་། རྒྱལ་ཁབ་ཀྱི“ཤར་གྲངས་ནུབ་རྩིས”ཀྱི་འདུ་འགོད་ལ་སྐུལ་འདེད་གཏོང་བ་དང་མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག བཟོ་ལས་ཁྱབ་ཁོངས་ཀྱི་གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་སྒྱུར་བཀོད་ཀྱི་དགོས་མཁོ་ཧ་ཅང་ཆེན་པོ་ཡོད་པ་རེད། འཛིན་ཤོག་གི་གྲངས་གཞི་ལས་མངོན་པར་གཞིགས་ན། ཟླ་དང་པོ་ནས་བརྒྱད་པའི་བར་བཟོ་ལས་གཉེར་སྐྱོང་བྱེད་པོས་གྲངས་འཛིན་དང་། མཉེན་ཆས། གྲངས་གཞི་སོགས་འབྲེལ་ཡོད་ཚོང་ཟོག་དང་ཞབས་ཞུ་ཉོ་སྒྲུབ་བྱས་པའི་མ་དངུལ་དུས་མཚུངས་ལས་1.5%དང་། 17.5% 20.3%བཅས་སོ་སོར་འཕར་ཡོད། དེ་དང་ཆབས་ཅིག ཐོན་སྐྱེད་ལས་ཆོད་ཆེ་རུ་གཏོང་རྒྱུར་སྤྱོད་པའི་རང་འགུལ་ཅན་གྱི་སྒྲིག་ཆས་ཉོ་སྒྲུབ་འཛིན་ཤོག་གི་དངུལ་གྲངས་དུས་མཚུངས་ལས་ལྡབ་6.5འཕར་བ་དེ་ཐོག་ནས་གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་གཉིས་མཚོ་སྔོན་གྱི་བཟོ་ལས་ཁྱབ་ཁོངས་སུ་མཉམ་འདྲེས་སྔར་བས་གཏིང་ཟབ་ཐུབ་པ་མཚོན་ཡོད།
ལྗང་མདོག་ཕྱོགས་སྒྱུར་གྱི་ཕན་འབྲས་མངོན་གསལ་དོད་པོ་བྱུང་ནས་ཐཱན་ཉུང་འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཞིང་། ཟླ་དང་པོ་ནས་བརྒྱད་པའི་བར། བཟོ་ལས་བྱེད་པོས་ཁོར་ཡུག་བཅོས་སྐྱོང་ཞབས་ཞུ་ཉོས་པའི་འཛིན་ཤོག་གི་དངུལ་གྲངས་དུས་མཚུངས་ལས་24%འཕར་བ་དེ་ཐོག་ནས་ཁོར་ཡུག་སྲུང་སྐྱོང་ལ་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་ཕྱིན་པ་མཚོན་ཡོད། ནུས་རྒྱུ་མཁོ་སྤྲོད་ཐད། ནུས་རྒྱུ་གཙང་མའི་གློག་འདོན་ཁེ་ལས་ཀྱི་འཛིན་ཤོག་སྤྲད་པའི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་3.1%འཕར་བ་དང་། དེའི་ནང་རླུང་ཤུགས་དང་ཉི་ནུས་ཀྱི་གློག་འདོན་ཕྱིར་ཚོང་ཡོང་འབབ་9.8%དང་4.4%སོ་སོར་འཕར་ནས་ལྗང་མདོག་ནུས་རྒྱུ་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་མངོན་ཡོད།