འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་26ཉིན།

༄༅།།རྒྱུན་མཐུད་འབད་འཐབ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་དགོས།

—— ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་26ཉིན། 09:22】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     “སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པ་ནི་སྐས་རིམ་རྣམ་པའི་རིམ་འཕར་དང་རྒྱུན་ཆད་མེད་པར་འཕེལ་རྒྱས་ཡར་ཐོན་འགྲོ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་རེད” ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་གི་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་སྤྱི་འདོམས་བྱས་ཏེ། རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་ལ་འཕྲད་པའི་རྙོག་འཛིང་དང་འགྱུར་ལྡོག་ཟབ་མོར་དབྱེ་ཞིབ་གཏིང་ཟབ་བྱས་ནས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་འཆར་འགོད་བྱས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བྱ་གཞག་རླབས་པོ་ཆེ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བར་ཁ་ཕྱོགས་དང་ཐབས་ལམ་གསལ་སྟོན་བྱས་པས། དེ་ནི་མི་སེམས་ལ་ལྕག་སྐུལ་དང་མི་རྣམས་ལ་འབད་འབུངས་མདུན་སྐྱོད་བྱེད་པར་སྐུལ་མ་བཏང་བ་ཞིག་རེད།

     རྒྱུན་མཐུད་འབད་འཐབ་བྱེད་པ་ནི་རྒྱང་ལམ་གསར་པའི་ཐོག་སླར་ཡང་ཕྱོགས་ཡོངས་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་བྱས་པ་ཞིག་རེད།

      དབུ་བརྙེས་ཚུན། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་བྱས་པའི་འབད་འཐབ་མཐའ་དག་ནི་རང་རྒྱལ་འདི་ཉིད་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་ཆེད་རེད། དུས་རབས་གསར་པ་ཤར་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་འགོ་ཁྲིད་དེ“ངོ་མཚར་ཆེན་པོ་གཉིས”ཀྱི་ལེའུ་གསར་བརྩམས་པས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་རྒྱང་ལམ་གསར་པའི་འགོ་ཡག་པོ་ཞིག་ཚུགས་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཕེལ་ཕྱོགས་སྟོབས་ཤུགས་གང་གིས་ཀྱང་འགོག་མི་ཐུབ་པར་གྱུར་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་རྒྱལ་ཁའི་ངང་འཚོགས་ནས་འབྱུང་འགྱུར་ལོ་ལྔའི་རིང་གི་འཕེལ་རྒྱས་ལ་བརྒྱུད་རིམ་ལྡན་པའི་འཆར་འགོད་དང་འཐབ་ཇུས་བཀོད་སྒྲིག་བྱས་ཡོད། དེ་ནི་རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་འགོག་ཐབས་བྲལ་བའི་བསྐྱར་དར་གྱི་འཕེལ་ཕྱོགས་ཆེན་པོར་བསྟུན་ནས་བརྗིད་ཆེའི་དམིགས་ཚད་ཀྱི་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་འབད་འཐབ་བྱེད་པར་སྐུལ་སློང་ནུས་ལྡན་བྱས་པ་ཞིག་རེད།

     ལོ་ལྔའི་འཆར་འགོད་ཚན་རིག་དང་མཐུན་པའི་ངང་བཟོ་བ་དང་རྒྱུན་མཐུད་ལག་བསྟར་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཀྱི་ལེགས་ཆ་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཕྱི་རྒྱལ་གྱི་འགོ་ཁྲིད་པ་ཞིག་གིས་ང་ལ་ཀྲུང་གོར་དགེ་མཚན་ཆེན་པོ་ཞིག་ཡོད་པ་ནི། ཁྱེད་ཚོས་རྟག་ཏུ་འཆར་འགོད་སྣ་ཚོགས་བཟོས་པ་མ་ཟད། འཆར་འགོད་དེ་དག་མངོན་འགྱུར་བྱེད་ཐུབ་པ་དེ་རེད་ཅེས་བཤད་བྱུང”ཞེས་གསུངས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ང་ཚོས་དཀའ་བར་མི་འཛེམས་པར་འབད་འབུངས་མདུན་སྐྱོད་བྱས་པས་དཔལ་འབྱོར་གྱི་སྟོབས་ཤུགས་དང་། ཚན་རྩལ་གྱི་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་། དཔལ་འབྱོར་གྱི་བསྡོམས་འབོར་ད་ལོ་སྔོན་དཔག་ལྟར་ན་སྒོར་དུང་ཕྱུར་ཁྲི་140ཙམ་ཟིན་རྒྱུ་རེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དམིགས་ཚད་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་གྲུབ་ཐུབ་ཉེར་ཡོད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོམ་སྟབས་བརྟན་པོ་གསར་པ་ཞིག་སྤོ་ངེས་རེད། འགོ་འཛུགས་ས་གསར་པར་གོམ་སྟབས་གསར་པ་སྤོ་འགོ་ཚུགས་པ་ནི་སྐབས་དང་དུས་ལ་བབས་པ་ཞིག་རེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་དང་གྲོས་འགོའི་གནད་དོན་ལ་ཞིབ་འཇུག་བྱེད་པ་ནི་གྲ་སྒྲིག་དང་། གསོག་འཇོག འཆར་འགོད་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་འགོད་ཀྱི་འཐབ་ཇུས་སྟོན་ཕྱོགས་ནུས་པ་དེ་བས་ལེགས་པར་བཏོན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ལས་འགན་ལ་ཚད་བརྒལ་གལ་ཆེན་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་རེད།

      ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ནི་ཏང་གིས་མཐུན་སྒྲིལ་གཅིག་གྱུར་དང་འཐབ་ནུས་ཆེན་པོ་རྒྱུན་འཁྱོངས་བྱེད་པ་དང་རྒྱུན་ཆད་མེད་པར་རྒྱལ་ཁ་ཐོབ་པའི་རྩ་བའི་འགན་ལེན་ཞིག་ཡིན་པ་ལག་ལེན་ལས་ར་འཕྲོད་གང་ལེགས་བྱུང་ཡོད། “གཏན་འཁེལ་གཉིས”ལ་ང་ཚོས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད།

     ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག 《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་བཟོ་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་ཆེད་མཉམ་དུ་འབད་འཐབ་བྱེད་དགོས་པའི་འབོད་སྐུལ་བྱས་པ་དང་། “ངོ་མཚར་ཆེན་པོ་གཉིས”ཀྱི་ལེའུ་གསར་མུ་མཐུད་རྩོམ་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་པའི་ལོ་རྒྱུས་ཀྱི་རང་འགུལ་མཚོན་ཡོད་ལ། ཀྲུང་གོ་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་གདེང་ཚོད་ཀྱང་མངོན་ཡོད།

     ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི“གོམ་སྟབས་གཉིས་སུ་དབྱེ་ནས་སྐྱོད་པའི”འཐབ་ཇུས་བཀོད་སྒྲིག་ནང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་གནས་བབ་གལ་ཆེན་བསྟན་ཡོད། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་བརྡར་ཤ་གལ་ཆེན་བཅད་པ་སྟེ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་འཛིན་སྐྱོང་སྤེལ་གསུམ་གྱི་གནས་བབ་གལ་ཆེན་ལྡན་ཡོད། 2035ལོར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་རྒྱུ་དང་། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) “ལོ་ལྔ་ཚན་བཅུ་བཞི་པའི”རིང་ནི་ལོ་ལྔ་དང་པོ་དེ་ཡིན་པའི་ཆ་ནས། རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་ལ། འགོ་ཡག་པོ་ཞིག་ཀྱང་བཙུགས་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནི་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སྐབས་ཤིག་རེད། གཞི་རྩའི་ངེས་གནས་དེ་ནས་འགོ་བཙུགས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་འཕེལ་རྒྱས་ཀྱི་འཆར་འགོད་བཀོད་སྒྲིག་བྱས་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་སྤྱི་ཡོངས་ཀྱི་བསམ་ཕྱོགས་དང་། རྩ་དོན་གལ་ཆེན། དམིགས་ཚད་གཙོ་བོ། འཐབ་ཇུས་ལས་འགན་བཅས་བཏོན་པ་དེ“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནང་བཏོན་པའི་འདུ་ཤེས་དང་བསམ་ཕྱོགས་ཀྱི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་ཐུབ་པ་མ་ཟད། འབྱུང་འགྱུར་ལོ་ལྔའི་རང་རྒྱལ་གྱི་འཕེལ་ཕྱོགས་ཆེན་པོར་སྟངས་འཛིན་གནད་འཁེལ་ཐུབ་པས། དོན་དངོས་དང་འཚམ་ལ་རྒྱང་ལྟའི་རང་བཞིན་ཡང་ལྡན་ཡོད། དུས་ཚོད་ཀྱི་སྐར་ཁུང་གལ་ཆེན་དེར་དམ་འཛིན་བྱས་ནས་ལེགས་ཆ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། འཇུར་མིག་དང་འགོག་རྐྱེན་མེད་པར་བཟོ་བ། ཞན་ཆ་དང་ཆད་སྐྱོན་སེལ་བ་བཅས་བྱས་ཏེ། རྒྱལ་སྤྱིའི་འགྲན་རྩོད་དྲག་པོའི་ཁྲོད་འཐབ་ཇུས་ཀྱི་རང་འགུལ་སྟངས་འཛིན་ཐུབ་པ་བྱས་ཚེ། དུས་བཀག་ནང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་རྨང་གཞི་དེ་བས་བརྟན་པོ་འདིང་ཐུབ།

     མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱེད་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་རེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གིས་བཏོན་པའི་བརྡར་གཅོད་དང་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་ཡོང་བར་བྱེད་པ། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་། རྒྱལ་ཁ་ཐོབ་ངེས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ། སྟོབས་ཤུགས་གཅིག་སྡུད་ཀྱིས་རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བའི་འགན་ལེན་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།