འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་25ཉིན།

༄༅།།“ལོ་ལྔ་ཚན་བཅུ་བཞི་པའི”རིང་མཚོ་སྔོན་གྱི་ནུས་རྒྱུ་གཙང་མའི་དྲོད་ལེན་སྒྱུར་བཀོད་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་3774ཟིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་25ཉིན། 10:26】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། མཚོ་སྔོན་གྱིས“རྡོ་སོལ་གློག་ལ་སྒྱུར་བ”དང“རྡོ་སོལ་དྲོད་རླངས་ལ་སྒྱུར་བ”དང་ས་འོག་ཚ་ནུས་ཀྱི་དྲོད་གཏོང་རྣམ་གྲངས་རྒྱུན་མཐུད་ལག་ལེན་བསྟར་ཞིང་། རིམ་རྩིས་བརྒྱབ་ན། མ་དངུལ་སྒོར་དུང་ཕྱུར་126བཏང་བ་དང་། ནུས་རྒྱུ་གཙང་མའི་དྲོད་ལེན་སྒྱུར་བཀོད་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་3774ཟིན་ནས། ནུས་རྒྱུ་གཙང་མའི་དྲོད་ལེན་བྱེད་ཚད་13%འཕར་ཏེ་མང་ཚོགས་ཁྲི་100ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།

     “ལོ་ལྔ་ཚན་བཅུ་བཞི་པའི”རིང་། མཚོ་སྔོན་གྱི་ནུས་རྒྱུ་གཙང་མའི་དྲོད་ལེན་གྱི་གློག་སྤྱོད་ཐེག་ཚད་ཆུ་ཚོད་ཆན་ཝ་ཁྲི་58འཕར་ནས་ལོ་རེར་གློག་སྤྱོད་ཆུ་ཚོད་ཆན་ཝ་དུང་ཕྱུར་30ཟིན་པ་དེ་ལོ་རེར་ཚད་ལྡན་རྡོ་སོལ་ཏུན་ཁྲི་90ཙམ་གྲོན་ཆུང་ཐུབ་པ་དང་གཅིག་མཚུངས་ཡིན་ཞིང་། ལོ་རེར་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་239ཙམ་དང་ཏན་འདྲེས་དབྱང་འགྱུར་རྫས་འབུད་ཚད་ཏུན་7200ཙམ་ཉུང་དུ་ཕྱིན་ནས། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་བར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད་པ་རེད།

     མཚོ་སྔོན་གྱིས་དྲོད་གསོག་ཐུབ་པའི་གློག་གི་ཁྲོ་ཐབ་གཙོ་བོར་བྱས་པའི་ནུས་རྒྱུ་གཙང་མའི་དྲོད་ལེན་ལག་རྩལ་ཁྱབ་གདལ་ཤུགས་ཆེན་བཏང་བས། སྤྱོད་མཁན་ཚོས་ཉིན་མོ་གློག་སྤྱོད་ཉུང་བའི་དུས་མཚམས་སུ་གློག་རིན་ཁེ་པོའི་ཐོག་ནས་དྲོད་གསོག་བྱེད་ཆོག་པ་དང་། མཚན་མོར་དྲོད་བཏང་ནས་དྲོད་ལེན་གྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད། དེ་དང་ཆབས་ཅིག ག་ལྡན་དྲོད་གཏོང་ལས་སྟེགས་བསྐྲུན་རྒྱུར་སྐུལ་འདེད་བཏང་བ་བརྒྱུད། གྲངས་གཞི་ཆེན་པོའི་ལག་རྩལ་སྤྱད་དེ་དྲོད་ཚད་ཚོད་འཛིན་དང་དྲོད་གཏོང་སྙོམས་སྒྲིག་སོགས་ཀྱི་ཞབས་ཞུ་ལེགས་སུ་བཏང་སྟེ། དྲོད་ལེན་ནམ་དུས་སུ་ཁང་པའི་ནང་གི་དྲོད་ཚད་དེ་བས་བརྟན་པོ་ཡོང་བར་བྱས་ཡོད་པ་རེད།