འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་24ཉིན།

༄༅།།བོད་ཀྱི“ཁེ་ལས་ཁྲིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་ལས་མང་ཚོགས་ཁྲི་9ལྷག་ཙམ་ལ་ཕན་པ་ཐོབ་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་24ཉིན། 09:52】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། གསར་འགོད་པར་ཉེ་ཆར་འཚོགས་པའི་བོད་ཀྱི“ཁེ་ལས་ཁྲིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་ཀྱི་སྐུལ་སྤེལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར། བོད་ཀྱི“ཁེ་ལས་ཁྲིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་ལས་མང་ཚོགས་ཁྲི་9ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།

     ངོ་སྤྲོད་བྱས་པར་གཞིགས་ན། 2021ལོར་བོད་ཀྱིས“ཁེ་ལས་ཁྲིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་ཚུན། ཏང་ཨུད་ཀྱིས་འགོ་ཁྲིད་དང་། སྲིད་གཞུང་གིས་རྒྱབ་སྐྱོར། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྣེ་ཁྲིད། ཁེ་ལས་ཀྱིས་གཙོ་བོ། སྤྱི་ཚོགས་ཞུགས་པ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་ཡོད། གྲོང་ཁྱེར(ས་ཁུལ)ཁག་གིས་ཀྱང་སྔ་རྗེས་སུ་ལས་ཀའི་ལམ་སྲོལ་བཙུགས་ནས་རིམ་པ་བཞིན་འགན་འཁྲི་ནན་དཀྲིས་བྱས་ཏེ། བྱ་སྤྱོད་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱས་ཡོད།

    བྱ་སྤྱོད་ལ་སྔར་བས་སྐུལ་འདེད་གཏོང་བ་དང་བསྟུན་ནས། ནུས་པ་དང་འདོད་བློ་ཡོད་པའི་དམངས་གཉེར་ཁེ་ལས་དང་ཚོང་ཚོགས་རྩ་འཛུགས་སྔར་ལས་མང་བས་རང་འགུལ་ངང་མིང་ཐོ་བཀོད་དེ་རྒྱ་ཆེ་བའི་ཞིང་འབྲོག་ཁུལ་དུ་བསྐྱོད་པས། གྲོང་ཚོ་དང་ཆ་སྒྲིག་རོགས་སྐྱོར་གྱི་གྲངས་འབོར་བརྟན་པོའི་ངང་འཕར་ཡོད། ཁེ་ལས་ཁག་གཅིག་གིས་ནས་ལས་སྣོན་དང་། འབྲི་གཡག་གསོ་ཚགས། ཇ་འདེབས་འཛུགས། རིག་གནས་ཡུལ་སྐོར། སྤྱི་པའི་ཞབས་ཞུ་སོགས་ཀྱི་མངའ་ཁོངས་སུ་རྣམ་གྲངས་ལག་ལེན་བསྟར་ནས། གྲོང་གསེབ་ལ་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱེད་རོགས་བྱས་ཡོད། ཁེ་ལས་མཁས་ཅན་རྣམས་སྤྱི་ཕན་ཞལ་འདེབས་དང་། རྩལ་ནུས་གསོ་སྦྱོང་། རྨང་གཞིའི་སྒྲིག་བཀོད་རོགས་སྐྲུན་སོགས་ཀྱི་བྱེད་སྒོར་ཧུར་ཐག་ཞུགས་ནས་དུས་རབས་གསར་པའི་བོད་ཀྱི་དམངས་གཉེར་དཔལ་འབྱོར་མི་སྣའི་འགན་འཁྲི་འཁུར་སེམས་དང་ཁྱིམ་ཞེན་རྒྱལ་ཞེན་བྱེད་སེམས་མངོན་པར་བྱས་ཡོད།