འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་24ཉིན།

༄༅།།ཆུ་ཚོད་72ནང་མྱུར་སྐྱེལ་བསྐུར་མ་གངས་ལྗོངས་ས་མཐོར་འབྱོར་བ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཞུས་ཡུས་ཡའོ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་23ཉིན། 14:21】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

བཀྲག་མདངས་འཚེར་ས།

     མྱུར་སྐྱེལ་ལས་འབོར་2020ལོའི་བསྐུར་མ་དུང་ཕྱུར་830ནས་2024ལོའི་དུང་ཕྱུར་1750བར་འཕར་ནས་ལོར་ཆ་སྙོམས་འཕར་ཚད་20%ཟིན་པ།

    སྔ་དྲོའི་ཆུ་ཚོད་9པ་ཙམ་ལ་མྱུར་སྐྱེལ་རླངས་འཁོར་ཞིག་བོད་ལྗོངས་ལྷ་སའི་གྲོང་འདབས་ཀྱི་ཧྲུན་ཧྥུང་ཟོག་འགྲེམས་གླིང་དུ་འབྱོར། མྱུར་སྐྱེལ་བསྐུར་མ་རེ་རེ་བཞིན་འཕྲལ་དུ་ཕབ་པ་དང་དབྱེ་གསེད་འཁོར་ལམ་རིང་པོ་བརྒྱུད་བལྟོས་བཅས་ས་ཁུལ་གྱི་དབྱེ་གསེད་བླུགས་སྣོད་ནང་བླུགས་ཀྱི་ཡོད།

    ལྷ་སའི་གྲོང་མི་བྱམས་སྒྲོན་གྱིས་དྲ་ཐོག་ནས་ཉོས་པའི་གྱོན་གོས་གསར་པ་དེའང་ཟོག་འགྲེམས་གླིང་དུ་འབྱོར་བའི་བསྐུར་མའི་ཁྲོད་ཡོད་ཅིང་། ཀོང་ཏུང་ཀོང་ཀྲོའུ་ནས་བསྐུར་བའི་བསྐུར་མ་དེ་ལམ་ཐག་སྤྱི་ལེ་སྟོང་ཕྲག་ཁ་ཤས་བརྒྱུད་ཁོང་གི་ལག་ཏུ་འབྱོར་ཉེར་ཡོད།

    ཆུ་ཚོད་གཅིག་ལྷག་ཙམ་དབྱེ་གསེད་བྱས་པ་དང་རླངས་འཁོར་ནང་བླུགས་རྗེས་མྱུར་སྐྱེལ་བསྐུར་མ་དེ་དག་ལས་གཉེར་པུའུ་ཁག་ཏུ་བསྐྱལ་ཞིང་། ལས་གཉེར་པུའུ་རུ་ཡུག་ཁུལ་མི་འདྲ་བའི་མྱུར་སྐྱེལ་བསྐུར་མ་རིགས་དབྱེ་ནས་འཇོག་པ་དང་མྱུར་སྐྱེལ་བས་རང་རང་སོ་སོས་འགན་འཁུར་བའི་ཡུག་ཁུལ་གྱི་ཟོག་སྒྲོམ་ནས་བདེ་ལྕག་འཁྱུག་པོས་བསྐུར་མ་དག་རླངས་འཁོར་ནང་བླུགས་ཏེ་མཐར་དམིགས་སར་སྐྱེལ་གྱི་ཡོད།

    ཕྱི་དྲོའི་ཆུ་ཚོད་ལྔ་པ་ཙམ་ལ་འཛད་སྤྱོད་པའི་ལག་ཏུ་སྐྱེལ་མཁན་མྱུར་སྐྱེལ་བས་བསྐུར་མ་བྱམས་སྒྲོན་ལ་སྤྲད་པ་དང་ཁོང་གིས་དྲ་ཐོག་ནས་མངགས་ཉོ་བྱས་པ་ནས་ལག་ཏུ་འབྱོར་བའི་བར་ཆུ་ཚོད་72ལས་འགོར་མེད།

    རྒྱལ་ཡོངས་ནས་བལྟས་ན། 2020ལོར་མྱུར་སྐྱེལ་ལས་འབོར་བསྐུར་མ་དུང་ཕྱུར་830ཙམ་ཟིན་པ་ནས་2024ལོར་དུང་ཕྱུར་1750བར་འཕར་ནས་ལོར་ཆ་སྙོམས་20%ཙམ་འཕར་ཡོད། ཆ་སྙོམས་ཉིན་རེར་མྱུར་སྐྱེལ་བསྐུར་མ་བསྡུ་ལེན་བྱེད་ཚད་དུང་ཕྱུར་5ལས་བརྒལ་བ་དེ་སྐར་ཆ་རེར་མྱུར་སྐྱེལ་བསྐུར་མ་6000ཙམ་བསྐུར་སྐྱེལ་བྱེད་པ་དང་མཚུངས། མྱུར་སྐྱེལ་ལས་འབོར་མགྱོགས་པོ་འཕར་བ་དེ་བོད་དུ་དེ་བས་མངོན་གསལ་དོད་པ་ཡོད།

    ལོ་ཤས་གོང་བྱམས་སྒྲོན་གྱིས་དྲ་ཐོག་ནས་ཚོང་ཟོག་ཉོ་རྩིས་བྱས་མོད། འོན་ཀྱང་བསྐུར་གླ་མཐོ་དྲག་པས་ཉོ་འདོད་མེད་པར་གྱུར། “སྐབས་དེ་དུས་སྒོར་200ཙམ་གྱི་ཚོང་ཟོག་ལ་བསྐུར་གླ་སྒོར་བཅུ་ཕྲག་ཁ་ཤས་སྤྲོད་དགོས་པས་ཉོ་འདོད་མི་འདུག”ཅེས་ཁོང་གིས་བཤད།

    ལོ་དེ་དག་རིང་བསྐུར་གླ་རིམ་བཞིན་ཆག་པ་དང་ཐ་ན་ཚོང་པ་དེ་བས་མང་བས་བོད་དུ་བསྐུར་གླ་ལེན་གྱི་མེད། “ལོ་གཉིས་གོང་ངས་ཐེངས་དང་པོར་དྲ་ཐོག་ནས་གྱོན་གོས་དང་ལྷམ་ཉོས་པ་ཡིན། ཚོང་པས་བསྐུར་གླ་ལེན་མ་བྱུང”ད་ཆ་བྱམས་སྒྲོན་དྲ་ཐོག་ནས་ཚོང་ཟོག་ཉོ་རྒྱུར་གོམས་ཡོད།

    བོད་ལྗོངས་ཧྲུན་ཧྥུང་མྱུར་སྐྱེལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ལིའུ་ཧྲུའུ་ཤིན་གྱིས། བོད་དུ་ཧྲུན་ཧྥུང་གི་ལོ་རེའི་མྱུར་སྐྱེལ་མངགས་ཐོ་ལོ་ལྔའི་གོང་གི་ཁྲི་400ཙམ་ནས་ན་ནིང་གི་ཁྲི་1400བར་མང་དུ་ཕྱིན་ཡོད། དེ་ཐོག་ནས་བོད་ཀྱི་མང་ཚོགས་ཀྱི་འཛད་སྤྱོད་འདུན་པ་དང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་མཚོན་པ་སྟེ། ད་ལོའི་ལོ་སྟོད་དུ་བོད་ཀྱི་དྲ་ཐོག་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་180.7ཟིན་ནས་དུས་མཚུངས་ལས་38.6%འཕར་བ་དང་། ཚོང་ཟོག་དངོས་ཀྱི་དྲ་ཐོག་སིལ་ཚོང་དངུལ་འབོར་གྱིས་86.1%བཟུང་ནས་དུས་མཚུངས་ལས་39.3%འཕར་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་ཅེས་ངོ་སྤྲོད་བྱས།

     མངགས་ཐོ་རྒྱུན་མཐུད་ངང་མང་དུ་འགྲོ་བ་དང་བསྟུན་ནས་ཕྱོགས་ཁག་གིས་མང་ཚོགས་ཀྱི་དགོས་མཁོ་དེ་བས་ཡག་པོ་སྐོང་བའི་ཐབས་ལམ་ཐུན་མོང་ཐོག་འཚོལ་ཞིབ་བྱེད་ཀྱི་ཡོད།

     ལིའུ་ཧྲུའུ་ཤིན་གྱིས“དེ་སྔ་བོད་དུ་མྱུར་སྐྱེལ་བསྐུར་བར་སྐམ་སའི་སྐྱེལ་འདྲེན་བྱས་ཚེ་དུས་ཡུན་རིང་བ་དང་མཁའ་ལམ་སྐྱེལ་འདྲེན་བྱས་ཚེ་རིན་གོང་མཐོ་བས། ང་ཚོས‘སྐམ་སའི་སྐྱེལ་འདྲེན་དང་མཁའ་ཐོག་སྐྱེལ་འདྲེན་ཟུང་འབྲེལ’གྱི་རྣམ་པ་བཏོད་པས་ལས་ཕྱོད་ཆེ་རུ་ཕྱིན་པ་མ་ཟད། རིན་གོང་ཡང་ཆག་ཡོད”ཅེས་ངོ་སྤྲོད་བྱས།

     བོད་ལྗོངས་སྦྲག་སྲིད་དོ་དམ་སྡེ་ཚན་གྱིས་ཀྱང་མྱུར་སྐྱེལ་ཁེ་ལས་དང་དྲ་ཚོང་ལས་སྟེགས་ཀྱིས་ཡུལ་དེ་གའི་མཛོད་ཁང་དང་ཡུལ་གཞན་གྱི་མཛོད་ཁང་འཛུགས་པར་སྐུལ་མ་བཏང་ནས། ཡུལ་དེ་གའི་མཛོད་ཁང་དང་ཡུལ་གཞན་གྱི་མཛོད་ཁང་ནས་གཅིག་སྡུད་ཐོག་བསྐུར་སྐྱེལ་བྱས་པས་ཕྱོགས་བསྡུས་ཟོག་འགྲེམས་ཀྱི་མ་གནས་དམའ་རུ་སོང་སྟེ་བསྐུར་གླ་སྤྲོད་མི་དགོས་པ་མངོན་འགྱུར་ཐུབ་པར་སྐུལ་འདེད་བཏང་བ་རེད།

     ཉེ་བའི་ལོ་ཤས་རིང་བོད་ཀྱི་ཟོག་འགྲེམས་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་ཞིང་། ཀོང་ཏུང་ནས་ཡིན་པའི་ཧོང་ཧའེ་ཧྥེན་བོད་ལྗོངས་ཉིང་ཁྲིར་ལས་ཀ་བྱས་ཏེ་ལོ་བདུན་བརྒྱད་ཙམ་སོང་ཞིང་། ཁོང་གིས“དྲ་ཐོག་ནས་ཚོང་ཟོག་ཉོས་ཚེ་ཞིང་ཆེན་གཞན་དག་ནས་བསྐུར་བའི་མྱུར་སྐྱེལ་སྤྱིར་ན་ཉིན་4ནས་7ནང་འབྱོར་གྱི་འདུག དེ་ཙམ་གྱིས་མགྱོགས་པོ་མེད་ནའང་ང་བོད་དུ་སླེབས་མ་ཐག་པའི་སྐབས་དང་བསྡུར་ན་ཧ་ཅང་མགྱོགས་སུ་ཕྱིན་འདུག” ཅེས་བཤད།

     འགྱུར་ལྡོག་ཆེ་ཤོས་ནི་འགྲོ་གྲོན་ཐད་རེད། ཉེ་བའི་ལོ་གཉིས་རིང་། ཧོང་ཧའེ་ཧྥེན་གྱིས་བསྐུར་གླ་ཆག་པ་གསལ་པོ་ཚོར་ཡོད། “ཅ་དངོས་མང་ཆེ་བར་བསྐུར་གླ་མི་དགོས་ལ། གལ་སྲིད་བསྐུར་གླ་སྤྲོད་དགོས་བྱུང་ནའང་སྒོར་ལྔ་དྲུག་ལས་མི་དགོས”དེ་གོང་ཅ་དངོས་མང་ཆེ་བར་བསྐུར་གླ་སྒོར་བཅུ་གྲངས་ཡས་མས་དགོས་ཀྱི་ཡོད་ལ་ཐ་ན་ཚོང་ཟོག་ཁ་ཤས་ཀྱི་བསྐུར་གླར་སྒོར་999ཡིན་ཞེས་བྲིས་ཡོད། “དོན་དམ་དུ་དེའི་རིགས་བོད་ལ་བསྐུར་གྱི་མེད”ཅེས་བཤད།

     རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་གྲོང་ཁྱེར་གྱི་གྲོང་མི་བཞིན་སྟབས་བདེའི་མྱུར་སྐྱེལ་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱ་ཆེད། ད་ལོ་ཚུན་དུ། བོད་ཀྱིས་ཞིང་འབྲོག་ཁུལ་གྱི་བསྐུར་སྐྱེལ་ཟོག་འགྲེམས་མ་ལག་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཡོད། བོད་ལྗོངས་ནོར་སྲིད་ཀྱིས་བསྐུར་སྐྱེལ་ཐུམ་སྒྲིལ་གྱི་ཞིང་ཕན་ཁ་གསབ་རོགས་རམ་ལམ་སྲོལ་ལྷན་སྦྱར་གྱིས་བཟོས་ནས་གཞི་རིམ་གྱི་བསྐུར་སྐྱེལ་ཟོག་འགྲེམས་མ་ལག་སྐྲུན་པ་དང་ཞིང་འབྲོག་མང་ཚོགས་ཀྱི་བསྐུར་སྐྱེལ་ཐུམ་སྒྲིལ་ལ་ཁ་གསབ་སྤྲད་དེ“བོད་ལ་བསྐུར་གླ་མི་དགོས་པ”རིམ་བཞིན་མངོན་འགྱུར་བྱུང་ཡོད།