འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་24ཉིན།

༄༅།།“བྱང་གསུམ”ལས་གྲྭར“གོ་ལ་ཧྲིལ་པོའི་ལག་རྩལ་གྲུབ་འབྲས་ཀྱི་ནགས་ལས་བྱ་དགའ”ཐོབ་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་23ཉིན། 14:18】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་21ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་ཤས་གོང་། ཀྲུང་གོའི“བྱང་གསུམ”ལས་གྲྭར་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས“གོ་ལ་ཧྲིལ་པོའི་ལག་རྩལ་གྲུབ་འབྲས་ཀྱི་ནགས་ལས་བྱ་དགའ”སྤྲད་ཡོད། དེ་ནི་2018ལོར“བྱང་གསུམ”ལས་གྲྭར“མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནགས་ཚལ་འཐབ་ཇུས་འཆར་འགོད་ཀྱི་ཕུལ་བྱུང་ལག་ལེན་བྱ་དགའ” སྤྲད་རྗེས་ཐོབ་པའི་རྒྱལ་སྤྱིའི་གཟི་བརྗིད་མཚན་སྙན་གཞན་ཞིག་རེད།

     “བྱང་གསུམ”ལས་གྲྭ་ནི་ཀྲུང་གོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་མཚོན་རྟགས་རང་བཞིན་གྱི་གཙོ་གནད་ལས་གྲྭ་ཞིག་ཡིན་ཞིང་། 1978ལོར་ལག་ལེན་བསྟར་འགོ་བཙུགས་ཚུན། རིམ་རྩིས་བརྒྱབ་ན་ནགས་བཟོ་ནགས་སྐྱོང་རྒྱ་ཁྱོན་སྤྱི་ཆིང་ཁྲི་3174ཟིན་པ་དང་། བྱེ་འགྱུར་ས་ཆ་བཅོས་སྐྱོང་རྒྱ་ཁྱོན་སྤྱི་ཆིང་ཁྲི་3333ཟིན་པ། ས་ཆུ་ཤོར་བ་བཅོས་སྐྱོང་རྒྱ་ཁྱོན་སྤྱི་ཆིང་ཁྲི་4467ཟིན་པ། ལས་གྲྭའི་ཁུལ་གྱི་ནགས་ཚལ་ཁྱབ་ཚད་5.05%ནས་13.84%བར་མང་དུ་ཕྱིན་ཡོད། ས་ཞིང་འགོག་སྲུང་ནགས་བཟོ་སྤྱི་ཆིང་ཁྲི་165.6བྱས་པ་དང་། ས་ཞིང་སྤྱི་ཆིང་ཁྲི་3000སྲུང་སྐྱོང་བྱས་ཏེ་ལས་གྲྭའི་ཁུལ་གྱི་འབྲུ་རིགས་མུའུ་རེའི་ཐོན་ཚད་50%ཙམ་མཐོ་རུ་བཏང་ཡོད།

     རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ད་ཐེངས་བྱ་དགའ་ཐོབ་པ་དེ་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་སྐྱེ་ཁམས་བཅོས་སྐྱོང་གི་གྲུབ་འབྲས་དང་ནགས་ལས་གསར་གཏོད་ལག་ལེན་ལ་ཚད་མཐོའི་ཁས་ལེན་བྱས་པ་མཚོན་ཡོད་ལ། དེས་གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ཀྲུང་གོའི་སྣེ་ཁྲིད་ཀྱི་ནུས་པའང་མངོན་ཡོད། འབྱུང་འགྱུར་ང་ཚོས“བྱང་གསུམ”ལས་གྲྭའི་མཚོན་རྟགས་རང་བཞིན་གྱི་དམག་འཐབ་ཆེན་པོ་གསུམ་རྒྱུན་མཐུད་ཡག་པོ་རྒྱག་པ་དང་། སྐྱེ་ཁམས་བཅོས་སྐྱོང་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་དང་ཕྱོགས་མང་མཉམ་ལས་ཧུར་ཐག་བྱས་ཏེ་གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱ་ཆེད་ཀྲུང་གོའི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བཤད།