གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་18ཉིན། 15:10】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་17ཉིན། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ལྷན་གྱི་མཉམ་འབྲེལ་ཡོངས་བསྒྲགས་ཁྲོམ་ར་ཨུ་ལྷན་(FOMC)གྱི་དངུལ་ལོར་སྲིད་ཇུས་ཚོགས་འདུའི་ཟིན་བྲིས་གནད་བསྡུས་ལས་མངོན་པར། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ལྷན་གྱིས་རྒྱལ་ཕྲན་མཉམ་འབྲེལ་གྱི་ཐེབས་རྩའི་སྐྱེད་ཀའི་དམིགས་ཚད་ཁུལ་གཞི་གནས་25དམའ་རུ་གཏོང་བ་སྟེ། 4.00%-4.25%བར་འཇོག་རྒྱུའི་གཏན་འབེབས་བྱས་པ་དང་། དེ་ནི་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ལྷན་གྱིས་2024ལོའི་ཟླ་12ཚུན་དུ་སྐྱེད་ཀ་དམའ་རུ་གཏོང་ཐེངས་དང་པོ་དེ་རེད།
སྤྱིར་ཨ་རིའི་དངུལ་ལོར་འགྲེམས་ཐལ་ཤོར་ཚད་ཅུང་མཐོ་བའི་རྣམ་པ་རྒྱུན་འཁྱོངས་བྱས་ནའང་། ཉེ་བའི་ཟླ་ཤས་རིང་ལས་ཞུགས་གསར་སྣོན་བྱེད་ཚད་སྔོན་དཔག་ལས་ཧ་ཅང་དམའ་བ་ཡོད་པས་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ལྷན་གྱིས་གཞི་ནས་སྐྱེད་ཀ་དམའ་རུ་གཏོང་བའི་བྱ་ཐབས་སྤྱད་པ་རེད། ཉེ་དུས་ཀྱི་སྟོན་རྟགས་ལས་མངོན་པར། ཨ་རིའི་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་རྒྱུག་འཕར་ཚད་དལ་དུ་སོང་བ་དང་ལས་ཞུགས་འཕར་ཚད་དལ་དུ་སོང་བ་མངོན་ཡོད། དཔལ་འབྱོར་གྱི་མདུན་ལམ་ལ་གཏན་འཁེལ་མེད་པའི་རྣམ་པ་སྔར་བཞིན་གནས་ཡོད་ལ། ལས་བཞུགས་དམའ་རུ་འགྲོ་བའི་ཉེན་ཁ་ཆེ་རུ་ཕྱིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཕྲན་མཉམ་འབྲེལ་གྱི་ཡོངས་བསྒྲགས་ཁྲོམ་ར་ཨུ་ཡོན་ལྷན་ཁང་གིས། 11བསྡུར་1གི་འདེམས་ཤོག་འཕངས་འབྲས་ལ་གཞིགས་ནས་སྐྱེད་ཀ་གཞི་གནས་25དམའ་རུ་གཏོང་རྒྱུའི་གཏན་འབེབས་བྱས་པ་དང་། ལས་གནས་སུ་འབྱོར་མ་ཐག་པའི་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ལས་འཛིན་པ་དང་མིག་སྔར་སྔར་བཞིན་ཕོ་བྲང་དཀར་པོའི་དཔལ་འབྱོར་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་འཁུར་མཁན་སི་ཏི་ཧྥེན་·སྨི་ལན་ནི་བསམ་འཆར་མི་འདྲ་བ་འཛིན་མཁན་གཅིག་པུ་དེ་ཡིན་པ་དང་ཁོང་གིས་སྐྱེད་ཀ་གཞི་གནས་50དམའ་རུ་གཏོང་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད་པ་རེད།
ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་དཔག་ལས་མངོན་པར་གཞིགས་ན། ལོ་མཇུག་ཏུ་སླར་ཡང་སྐྱེད་ཀ་གཞི་གནས་50དམའ་རུ་གཏོང་རྒྱུ་ཡིན་པ་དང་། འབྱུང་འགྱུར་ལོ་གཉིས་ནང་ལོ་ལྟར་སྐྱེད་ཀ་གཞི་གནས་25དམའ་རུ་གཏོང་རྒྱུ་རེད།
ཨ་རིའི་ཙུང་ཐུང་ཐེ་ལན་ཕུའུ་ཡིས་འདི་ལོའི་ཟླ་དང་པོ་ནས་བཟུང་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྐྱེད་ཀ་དམའ་རུ་གཏོང་རྒྱུར་མུ་མཐུད་གནོན་ཤུགས་སྤྲོད་ཀྱི་ཡོད།