གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་18ཉིན། 15:04】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་15ཉིན་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལུའོ་ཡིས་བསྟན་དོན། ཉེ་ཆར་ཝེ་ནེ་ཙུའེ་ལ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་བར་ཐོན་པའི་དོན་རྐྱེན་རབ་དང་རིམ་པ་ནི་ཨ་རིས་ཝེ་ནེ་ཙུའེ་ལར་“བཙན་འཛུལ་” བྱས་པ་ཡིན་པ་ལས་རྒྱལ་ཁབ་གཉིས་པོའི་བར་ཛ་དྲག་གི་འབྲེལ་བར་གྱུར་པ་ཙམ་མིན་པ་དང་། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་བར་གྱི་འབྲེལ་གཏུག་རྩ་བའི་ཆ་ནས་ཆད་པ་རེད།
ཁོང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཨ་རི་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལའི་ཁྲིམས་འཛིན་དང་། ཆབ་སྲིད། ཕྱི་འབྲེལ། དམག་དོན་སོགས་ཁྱབ་ཁོངས་ལ་ཁྱོན་ཡོངས་ནས་བཙན་འཛུལ་བྱས་པ་དང་། ཨ་རི་ཕྱོགས་ཀྱིས་འབར་མདེལ་གྱི་འཇིགས་སྐུལ་དང་། ཤི་རྨས་ཀྱི་འཇིགས་སྐུལ། བཙན་འཕྲོག་བཅས་བྱས་པའི་རྐྱེན་པས་ཝེ་ནེ་ཙུའེ་ལ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་བར་གྱི་འབྲེལ་བ་“ཆད་པ་”རེད་ཅེས་བརྗོད།
ཁོང་གིས་ཁ་གསབ་དུ་བརྗོད་དོན། རྒྱལ་ཁབ་གཉིས་པོས་སྔར་བཞིན་གཞི་རྩའི་འབྲེལ་གཏུག་ཐབས་ལམ་རྒྱུན་འཁྱོངས་བྱས་ནས་ཨ་རིས་ཕྱིར་སྐྱེལ་བྱས་པའི་ཝེ་ནེ་ཙུའེ་ལའི་གནས་སྤོས་ཡུལ་མིའི་དོན་དག་མཐུན་སྦྱོར་བྱ་རྒྱུ་ཡིན།
དེ་གོང་གི་གནས་འཕྲིན་སྤེལ་བར་གཞིགས་ན། ཉེ་ཆར་ཨ་རིས་“ལ་ཏིང་མེ་གླིང་གི་དུག་འཚོང་ཚོགས་པར་རྡུང་རྡེག་གཏོང་བ་”ཞེས་པར་ཁ་གཡར་ནས་ཝེ་ནེ་ཙུའེ་ལའི་ཉེ་འགྲམ་གྱི་ཅ་ལེ་པི་རྒྱ་མཚོའི་ཁོངས་སུ་དམག་གྲུ་མང་པོ་བཀོད་སྒྲིག་བྱས་ཡོད།
ཝེ་ནེ་ཙུའེ་ལ་སྲིད་གཞུང་གིས་ཉེ་ཆར་ཨ་རིའི་མཐའ་སྐྲོད་དམག་གྲུ་ཞིག་གིས་ཚེས་12ཉིན་ཝེ་ནེ་ཙུའེ་ལའི་ཆེད་དོན་དཔལ་འབྱོར་ཁུལ་གྱི་མཚོ་ཁོངས་སུ་རྒྱུན་གཏན་གྱི་ཉ་འཛིན་བཞིན་པའི་ཝེ་ནེ་ཙུའེ་ལའི་ཉ་གྲུ་ཞིག་ཁྲིམས་འགལ་ངང་བཀག་ཉར་བྱས་པ་དང་ཉ་གྲུའི་འགོ་གཙོ་ཆུ་ཚོད་8ལ་བཀག་ཉར་བྱས་པ་རེད།