གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་18ཉིན། 14:58】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་17ཉིན་ཡོ་རོབ་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་སྐུ་ཚབ་ཁ་ལ་སིས་དབྱི་སི་རལ་ལ་བཀག་སྡོམ་བྱེད་པའི་བྱ་ཐབས་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་པ་དང་། དེའི་ནང་《ཡོ་རོབ་མནའ་འབྲེལ་དང་དབྱི་སི་རལ་འབྲེལ་བའི་རྒྱལ་ཁབ་ཀྱི་གྲོས་མཐུན་》ཁྲོད་ཀྱི་ཚོང་དོན་དང་འབྲེལ་བ་ཡོད་པའི་དོན་ཚན་ཁག་གཅིག་ཀྱའང་བྱེད་མཚམས་བཞག་ཡོད། ཁ་ལ་སིས། ཡོ་རོབ་མནའ་འབྲེལ་གྱིས་དབྱི་སི་རལ་དང་གནས་སྐབས་སུ་ཚོང་དོན་སྤེལ་མཚམས་འཇོག་རྒྱུ་མིན་ཞེས་བཤད་པ་རེད།
ཆོད་དོན་དེ་ཉིན་དེར་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་རུང་། ད་དུང་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་དག་གིས་ཆོག་མཆན་ཐོབ་དགོས་པ་དང་ཆོག་མཆན་ཐོབ་ནས་ཉིན་སུམ་ཅུའི་རྗེས་སུ་ནུས་པ་ཐོན་པ་ཡིན། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ལག་བསྟར་བྱེད་འཆར་ཡོད་པའི་བྱེད་ཐབས་ནི་རིན་ཐང་ཡོ་སྒོར་དུང་ཕྱུར་58ལ་ཉེ་བའི་དབྱི་སི་རལ་གྱི་ནང་འདྲེན་ཚོང་ཟོག་ལ་སྒོ་ཁྲལ་བསྡུ་བ་དང་། དེ་མིན་དབྱི་སི་རལ་གྱི་གཡས་རུ་ཕྱོགས་ཁག་གི་པུའུ་ཀྲང་གཉིས་ཏེ། རྒྱལ་ཁབ་བདེ་འཇགས་པུའུ་ཀྲང་པུན་-ཀི་ཝེར་དང་ནོར་སྲིད་པུའུ་ཀྲང་སི་མོ་ཐེ་ལི་ཧི་གཉིས་ལ་བཀག་སྡོམ་ལག་བསྟར་བྱ་རྒྱུ་ཡིན། དེ་དང་ཆབས་ཅིག་ཡོ་རོབ་མནའ་འབྲེལ་གྱིས་དབྱི་སི་རལ་ཐད་ཀར་རྒྱབ་སྐྱོར་བྱེད་པའི་ལས་གཞི་སྣ་ཚོགས་ཏེ་ཡོ་སྒོར་ཁྲི་2000ཙམ་གཏོང་མཚམས་འཇོག་པའི་རེ་བ་བཏོན།
སྔར་ཉིན་ཏེ་ཟླ་9ཚེས་16ཉིན་ཁ་ལ་སིས་བསྟན་དོན། དབྱི་སི་རལ་གྱིས་ཀྰ་ཟའི་ས་ཐོག་ལ་དཔུང་འཇུག་བྱས་པ་དེས་ཛ་དྲག་ཏུ་གྱུར་བའི་དུས་བབ་དེ་སྔར་བས་སྡུག་ཏུ་གཏོང་རྒྱུ་རེད། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས་17ཉིན་བྱེད་ཐབས་བཏོན་ནས་དབྱི་སི་རལ་སྲིད་གཞུང་ལ་གནོན་ཤུགས་བསྣན་ཏེ་ཀྰ་ཟའི་དམག་འཁྲུག་གི་ལངས་ཕྱོགས་བསྒྱུར་རྒྱུའི་བླང་བྱ་བཏོན་པ་རེད།