ལི་ཆང་གིས་ཀན་སུའུ་དང་མཚོ་སྔོན་དུ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་18ཉིན། 14:27】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་9ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་15དང་16ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཀན་སུའུ་དང་མཚོ་སྔོན་དུ་བརྟག་ཞིབ་གནང་ཞིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཀྱི་འཐབ་ཇུས་ངེས་གནས་སྟངས་འཛིན་ནན་པོ་བྱེད་པ་དང་། གསར་གཏོད་སྐུལ་སྤེལ་མཐའ་འཁྱོངས་བྱེད་པ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ། ས་གནས་དེ་གའི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་སྐྲུན་པ་བཅས་བྱས་ནས། མི་དམངས་མང་ཚོགས་ལ་ཕན་བདེ་དེ་བས་ཡག་པ་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།
ལི་ཆང་ཀན་སུའུ་ལན་ཀྲོའུ་ཐའེ་ཅི་གྱེས་རྡུལ་ལག་རྩལ་ཚད་ཡོད་ཀུང་སི་དང་བར་མཐོངས་ལག་རྩལ་དངོས་ཁམས་ཞིབ་འཇུག་སུའོ་འཇིག་རྟེན་འཕུར་སྐྱོད་མཐོ་གསར་ཐོན་ལས་གླིང་དུ་ཕེབས་ཏེ། སྒྲིག་ཆས་དང་ལྷུ་ལག་གསར་ཤོས་ཀྱི་འགྲེམས་སྟོན་ལ་གཟིགས་བཞིན་འབྲེལ་ཡོད་ལག་རྩལ་གྱི་རྩ་བའི་རིགས་པ་དང་ཐོན་རྫས་ཐོན་ཚོང་གི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ལི་ཆང་གིས། གྱེས་རྡུལ་ལྗིད་པའི་ལག་རྩལ་དང་བར་མཐོངས་ལག་རྩལ་སོགས་ཁྱབ་ཁོངས་འཕེལ་རྒྱས་གཏོང་བར་ཀན་སུའུ་ལ་རྨང་གཞི་ཡག་ཙམ་ལྡན་ཡོད། རྒྱལ་སྤྱིའི་སྔོན་ཐོན་ལ་དམ་པོར་དམིགས་ཏེ། ཁེ་ལས་དང་ཚན་རིག་ཞིབ་འཇུག་སྒྲིག་གཞིར་ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར་དང་། ཤེས་ལྡན་པ་གསོ་སྐྱོང་གི་སྐུལ་ལྕག་ལམ་སྲོལ་གསར་གཏོད། རྨང་གཞིའི་ཞིབ་འཇུག་ཐད་བློ་རྩེ་གཅིག་སྒྲིམ་གྱིས་བརྩོན་ཞིབ་བཅས་བྱས་ནས། ལྟེ་བའི་ལག་རྩལ་གྱི་ནུས་པ་ཆེ་རུ་གཏོང་དགོས། ཁྲོམ་རའི་དགོས་མཁོ་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ། ཐོན་ལས་འཁོར་འབྲེལ་གོང་འོག་མཉམ་འགུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་གཉེར་ཁེ་ལས་དེ་བས་མང་བ་ཞུགས་པར་རྒྱབ་སྐྱོར་བྱས་ནས། ཐོན་རྫས་དང་ཞབས་ཞུ་རིམ་སྤོར་མགྱོགས་སུ་གཏོང་དགོས་ཞེས་གསུངས་པ་རེད། ལི་ཆང་ལྷོ་རི་བྱང་རིའི་ཁོར་ཡུག་སྔོ་འགྱུར་ལས་གྲྭའི་ལྟ་ཞིབ་ས་ཚིགས་དང་ཆུ་འཁོར་འགྲེམས་སྟོན་གླིང་དུ་ཕེབས་ཏེ། ནགས་བཟོ་སྔོ་འགྱུར་དང་རྨ་ཆུའི་ལན་ཀྲོའུ་དུམ་བུའི་སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་འབྲེལ། དེ་གར་ཡོད་པའི་གྲོང་མི་དང་གླེང་མོལ་ཡང་གནང་བ་རེད། ལི་ཆང་གིས་ས་གནས་དེ་གའི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་གྲུབ་འབྲས་ལ་ཁས་ལེན་གནང་ནས། རི་ཆུ་ནགས་ཞིང་དང་མཚོ་རྩྭ་བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྤྱི་འདོམས་ཡག་པོ་བྱས་ནས། ཐོབ་པར་དཀའ་བའི་ལྗང་མདོག་ཁྱིམ་གཞིས་ཀྱི་རྒྱ་ཁྱོན་རྒྱུན་མཐུད་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད། ཁོང་གིས། ས་གནས་དེ་གའི་ལས་བྱེད་པར་རྨ་ཆུའི་ངོགས་ཀྱི་སྤྱི་པའི་བར་མཐོངས་ཇུས་འགོད་དང་འཛུགས་སྐྲུན་ཡག་པོ་བྱས་ཏེ། གྲོང་མི་དེ་བས་མང་བ་ལུས་སྦྱོང་དང་། ངལ་གསོ། རོལ་རྩེད་བཅས་བྱེད་ས་ཡག་པོ་ཞིག་ཆགས་པར་བྱས་ནས། མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པའི་མངགས་བཅོལ་ནན་པོ་གནང་བ་རེད།
མཚོ་སྔོན་ཟི་ལིང་དུ། ལི་ཆང་ཀྲུང་གོ་ལན་ཐུང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་གྲངས་གཞི་ཆེན་པོའི་རྟེན་གཞི་དང་། མཚོ་སྔོན་ལྗང་མདོག་རྩིས་གློག་མཉམ་འདྲེས་བཀོད་གཏོང་དང་དེ་བཞིན་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ལྟེ་གནས་སུ་ཕེབས་ཏེ་འབྲེལ་ཡོད་སྙན་སེང་གསན་པ་དང་སྦྲགས། སྐྱེ་ཁམས་སྲུང་སྐྱོང་དང་། ལྗང་མདོག་གློག་ཤུགས། རྩིས་ནུས་བེད་སྤྱོད་བཅས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ཞིང་།
ཁོང་གིས། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ཧ་ཅང་ལྕི་པོ་ཡོད་པ་དང་དུས་མཚུངས། ནུས་རྒྱུ་གཙང་མ་དང་ལྗང་མདོག་རྩིས་ནུས་འཕེལ་རྒྱས་གཏོང་བའི་ལེགས་ཆ་མངོན་གསལ་དོད་པོ་ཡོད། བློ་བརྟན་འགྱུར་མེད་ངང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ནས། རྩིས་ནུས་ལས་སྟེགས་གཏོད་པ་དང་ནུས་རྒྱུ་གཙང་མ་བེད་སྤྱོད་ཟུང་འབྲེལ་ཡག་པོ་བྱས་ནས། ལེགས་ཆ་གཅིག་སྡུད་བྱེད་ཤུགས་ཆེ་རུ་བཏང་སྟེ། ལྗང་མདོག་རྩིས་གློག་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཁྲོམ་རའི་ལམ་སྲོལ་གྱི་ནུས་པ་གང་ལེགས་བཏོན་ནས་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱེད་པ་དང་། གསར་གཏོད་ལ་ཕན་པའི་ཆ་རྐྱེན་དང་ཁོར་ཡུག་སྐྲུན་པ། ཐོན་ལས་བཀོལ་སྤྱོད་སྔར་བས་ཟབ་ཏུ་གཏོང་བ་བཅས་བྱས་ནས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དེ་བས་ཡག་པ་གཏོང་དགོས་ཞེས་གསུངས་པ་རེད།
མཚོ་སྔོན་ཁུ་ཁུ་ཤིས་རི་བཟའ་བཅའ་ཚད་ཡོད་ཀུང་སིར་ལི་ཆང་གིས་མཚོ་སྔོན་ཞིང་ཆེན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་འཚོང་བྱ་ཡུལ་བསྐྲུན་པའི་གནས་ཚུལ་གྱི་སྙན་སེང་གསན་པ་དང་ཚགས་ཤ་ལས་སྣོན་ཞིབ་ཚགས་དང་ཐོན་རྫས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་ཞིང་། ཁོང་གིས་ཁེ་ལས་ལ་ལྗང་མདོག་ཞིང་འབྲོག་ལས་ཧུར་ཐག་གཉེར་ནས། བདེ་ཐང་དང་བདེ་འཇགས་ཀྱི་སྤུས་ཚད་ལ་བརྟེན་ནས་སྤུས་རྟགས་ལེགས་སུ་གཏོང་བ་དང་། ཐོན་སྐྱེད་དོ་དམ་གསར་གཏོད་བྱེད་པ། བཟའ་བཏུང་ཞབས་ཞུ་དང་། བཟོ་ལས་ཡུལ་སྐོར། ཚོང་དོན་འཁོར་རྒྱུག་སོགས་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་འཕེལ་རྒྱས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཞིང་འབྲོག་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་དང་ཞིང་འབྲོག་པ་ལས་ཞུགས་དང་འབབ་འཕར་ཡོང་བར་སྐུལ་ཁྲིད་ཀྱི་ནུས་པ་དེ་བས་ཆེ་བ་འདོན་དགོས་པའི་སྐུལ་ལྕག་གནང་བ་རེད།
ལི་ཆང་གིས་ཀན་སུའུ་དང་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་འབྲེལ། ཞིང་ཆེན་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་འབད་འཐབ་ཏན་ཏིག་བྱས་ནས། ལྗང་མདོག་འཕེལ་རྒྱས་དང་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་ཐད་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་བྱས་ཏེ་རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ལེགས་སྐྱེས་གསར་པ་འབུལ་དགོས་པའི་ཐུགས་རེ་གནང་བ་རེད།
ཝུའུ་ཀྲེང་ལུང་གིས་བརྟག་ཞིབ་ལ་ཕེབས་རོགས་ཞུས་པ་རེད།