གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 08ཚེས་12ཉིན། 14:26】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
བཙོག་དངུལ་གཙང་སྒྱུར་དང་འཇིགས་སྐུལ་མ་དངུལ་བསྡུ་སྒྲིལ་བྱ་སྤྱོད་སྔར་བས་སྔོན་འགོག་དང་བཀག་སྡོམ་བྱེད་པ་དང་། དངུལ་རྩའི་སྒྲིག་གཞིས་ཚོང་མགྲོན་གྱི་འགན་བསྒྲུབ་བརྟག་དཔྱད་དང་ཚོང་མགྲོན་གྱི་ཐོབ་ཐང་དཔྱད་ཡིག་དང་ཉོ་ཚོང་ཟིན་ཐོ་ཉར་ཚགས་བྱ་སྤྱོད་ཚད་ལྡན་དུ་གཏོང་ཆེད། ཉེ་ཆར་ཀྲུང་གོ་མི་དམངས་དངུལ་ཁང་དང་། རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས། ཀྲུང་གོ་དངུལ་འཛིན་ཨུ་ལྷན་བཅས་ཀྱིས《དངུལ་རྩའི་སྒྲིག་གཞིའི་ཚོང་མགྲོན་གྱི་འགན་བསྒྲུབ་བརྟག་དཔྱད་དང་ཚོང་མགྲོན་གྱི་ཐོབ་ཐང་དཔྱད་ཡིག་དང་ཉོ་ཚོང་ཟིན་ཐོ་ཉར་ཚགས་དོ་དམ་བྱ་ཐབས(བསམ་འཆར་བསྡུ་ལེན་མ་ཟིན)》འཆར་ཟིན་བཀོད་པ་དང་འབྲེལ་སྤྱི་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་པ་རེད།
གསར་འགོད་པས་དོ་སྣང་བྱུང་དོན། ད་ཐེངས་གྱི《དོ་དམ་བྱ་ཐབས》ཀྱི་བསམ་འཆར་བསྡུ་ལེན་གྱི་མ་ཟིན་ནང་དེ་སྔའི་“མི་སྒེར་གྱིས་དངུལ་སྨར་སྒོར་ཁྲི་5ཡན་བཅོལ་ལེན་བྱས་ན་མ་དངུལ་ཡོང་ཁུངས་ཐོ་འགོད་བྱ་དགོས་”ཞེས་པའི་བླང་བྱ་བཏོན་མེད་ཅིང་། དངུལ་རྩའི་སྒྲིག་གཞིར་ཚོང་མགྲོན་ལ་དངུལ་སྨར་སྐུར་བ་དང་། དངུལ་སྨར་བརྗེ་བ། འཛིན་རྟེན་དངུལ་སྤྲོད། དངོས་རྫས་དང་ལྕགས་རིགས་རྩ་ཆེན་ཉོ་ཚོང་། དངུལ་རྩའི་ཐོན་རྫས་སྣ་ཚོགས་ཕྱིར་འཚོང་སོགས་ཐེངས་གཅིག་རང་བཞིན་གྱི་དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱེད་སྐབས། ཉོ་ཚོང་དངུལ་གྲངས་མི་དམངས་ཤོག་སྒོར་ཁྲི་5ཡན་སམ་ཡང་ན་ཕྱི་དངུལ་གྱི་རིན་ཐང་ཨ་སྒོར་ཁྲི་1ཡན་ཡིན་ན། ཚོང་མགྲོན་ལ་འགན་སྒྲུབ་བརྟག་དཔྱད་བྱེད་དགོས་པ་མ་ཟད། ཚོང་མགྲོན་གྱི་ཐོབ་ཐང་གི་གཞི་རྩའི་ཆ་འཕྲིན་ཐོ་འགོད་བྱེད་དགོས་པ་དང་། ཚོང་མགྲོན་གྱི་ནུས་ལྡན་གྱི་ཐོབ་ཐང་ལག་ཁྱེར་སམ་ཡང་ན་ཐོབ་ཐང་དཔང་ཡིག་གཞན་དག་གི་བསྐྱར་དཔར་ངམ་འདྲ་པར་ཉར་ཚགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
གཞན་ཡང་། 《དོ་དམ་བྱ་ཐབས》ནང་དངུལ་རྩའི་སྒྲིག་གཞིས་གློག་རྡུལ་ཅན་གྱི་བྱ་ཐབས་སྤྱད་དེ་ཚོང་མགྲོན་གྱི་དཔྱད་ཡིག་དང་ཉོ་ཚོང་ཟིན་ཐོ་སྤུས་ཚད་མཐོ་བའི་སྒོ་ནས་ཉར་ཚགས་བྱ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད་པ་རེད། 《དོ་དམ་བྱ་ཐབས་》ནང་ཚོང་མགྲོན་གྱི་ཐོབ་ཐང་དཔྱད་ཡིག་དང་ཉོ་ཚོང་ཟིན་ཐོ་དེ་ལས་སྒོའི་འབྲེལ་བའམ་ཡང་ན་ཉོ་ཚོང་མཇུག་སྒྲིལ་རྗེས་ཉུང་མཐར་ཡང་ལོ་10ཉར་ཚགས་བྱེད་དགོས། དངུལ་རྩའི་སྒྲིག་གཞིས་གློག་རྡུལ་ཅན་གྱི་རྣམ་པའི་ཐོག་ནས་ཚོང་མགྲོན་གྱི་ཐོབ་ཐང་དཔྱད་ཡིག་དང་ཉོ་ཚོང་ཆ་འཕྲིན་ཉར་ཚགས་བྱ་རྒྱུ་རིམ་བཞིན་མངོན་འགྱུར་བྱ་དགོས།