གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 08ཚེས་12ཉིན། 14:04】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཉེ་ཆར་དབྱིན་ཇིའི་《རང་བྱུང་》དུས་དེབ་ཀྱི་དྲ་ཚིགས་ཐོག་སྤེལ་བའི་རྩོམ་ཡིག་ནང་རྒྱལ་སྤྱིའི་ཞིབ་འཇུག་ཚོགས་པ་ཞིག་གིས་ཨ་རིའི་མཁའ་སྐྱོད་ཅུས་ཀྱི་ཇེམ་སི·ཝུའེ་པུའུ་བར་སྣང་རྒྱང་ཤེལ་ལ་བརྟེན་ནས་སའི་གོ་ལ་དང་ཉེ་ཤོས་ཀྱི་“སུམ་གཟུགས་”སྐར་རྒྱུད་དེ། མི་མ་རྟའི་སྐར་ཚོམ་གྱི་ཨར་ཧྥ་སྐར་རྒྱུད་ནང་བརྟན་སྐར་གནས་འཕྲོད་རྒྱུད་དུ་བདམ་བྱའི་རྒྱུ་སྐར་ཞིག་ཡོད་པ་མཐོང་བ་རེད།
མི་མ་རྟའི་སྐར་ཚོམ་གྱི་ཨར་ཧྥ་སྐར་རྒྱུད་ནི་སའི་གོ་ལ་དང་ཕལ་ཆེར་འོད་ལོ་བཞི་ཡི་བར་ཐག་ཡོད་པའི་བརྟན་སྐར་མ་ལག་ཅིག་ཡིན། དེའི་ཆེས་གསལ་བའི་བརྟན་སྐར་Aསྐར་ནི་ཉི་མ་དང་ཧ་ཅང་འདྲ། ད་ཐེངས་མཐོང་བའི་བདམ་བྱའི་རྒྱུ་སྐར་ནི་Aསྐར་བསྐོར་ནས་འཁོར་བའི་རླུང་གཟུགས་རྒྱུ་སྐར་ཞིག་ཡིན་པ་མ་ཟད། Aསྐར་གནས་འཕྲོད་རྒྱུད་དུ་གནས་ཡོད་པས། བརྟན་སྐར་དང་བར་ཐག་འོས་འཚམ་ཡིན་པ་དང་དྲོད་ཚད་ཚེ་སྲོག་སྐྱེ་འཕེལ་ལ་འཚམ་པའི་ཁོངས་སུ་ཡོད།
ད་བར་རྒྱུ་སྐར་མང་ཆེ་བ་ནི་གཞན་བརྒྱུད་ཀྱི་ཁུངས་སྣེ་ལ་བརྟེན་ནས་ཤེས་རྟོགས་བྱུང་བ་ལས་ཐད་ཀར་པར་བརྒྱབ་ནས་རྟོགས་པ་མིན། དཔེར་ན་བརྟན་སྐར་ལ་རྒྱུ་སྐར་གྱི་འདྲེན་ཤུགས་ཐེབས་ནས་འདར་འགུལ་བྱུང་བའི་སྣང་ཚུལ་ལ་བརྟེན་ནས་རྒྱུ་སྐར་གཏན་འཁེལ་བྱེད་པ་ལྟ་བུ་རེད། འོན་ཀྱང་ཐེངས་འདིར་ཞིབ་འཇུག་ཚོགས་པས་ཝུའེ་པུའུ་བར་སྣང་རྒྱང་ཤེལ་གྱི་དམར་ཕྱིའི་དཔྱད་ཆས་འབྲིང་བ་སྤྱད་ནས་འདུ་གནས་མི་མ་རྟའི་སྐར་ཚོམ་གྱི་ཨར་ཧྥ་སྐར་རྒྱུད་ཀྱི་Aསྐར་ལ་དམིགས་ཡོད། སྐར་རྒྱུད་དེ་སའི་གོ་ལ་དང་ཐག་ཉེ་བས་ཞིབ་འཇུག་ཚོགས་པས་བརྟན་སྐར་གྱི་འཚེར་འོད་ལས་གཡོལ་གང་ཐུབ་བྱས་ནས། རྒྱུ་སྐར་དབྱེ་འབྱེད་ཐུབ་པའི་དབྱེ་འབྱེད་མཐའ་གསལ་གྱི་པར་རིས་ལེགས་པར་བླངས་ཡོད།
རྩོམ་ཡིག་ནང་མཚམས་སྦྱོར་བྱས་པར་གཞིགས་ན། ཞིབ་འཇུག་ཚོགས་པས་ད་དུང་གསར་རྙེད་བྱུང་བར་ལྟ་ཞིབ་མང་པོ་བྱ་ངེས་ཡིན་པ་དང་། གལ་སྲིད་མཇུག་མཐར་ར་འཕྲོད་བྱུང་ཚེ་དེ་ནི་བརྟན་སྐར་ལ་ཐད་ཀར་པར་རྒྱག་པའི་ལག་རྩལ་ལ་བརྟེན་ནས་བརྟན་སྐར་གནས་འཕྲོད་རྒྱུད་དུ་གནས་པའི་རྒྱུ་སྐར་ལ་ལྟ་ཞིབ་བྱེད་ཐེངས་དང་པོ་དེ་ཡིན། ཞིབ་འཇུག་ཚོགས་པས་བསྟན་དོན། རླུང་གཟུགས་རྒྱུ་སྐར་འདིའི་རང་ངོས་སུ་ཚེ་སྲོག་ཆགས་མི་སྲིད་མོད། འོན་ཀྱང་དེས་འཁོར་སྐར་གྱི་གནས་འཕྲོད་རང་བཞིན་ལ་དཔྱད་དཔོག་བྱ་རྒྱུར་བསྟར་འཐུས་རང་བཞིན་མཁོ་འདོན་བྱས་ཡོད།
མཚམས་སྦྱོར་བྱས་པར་གཞིགས་ན། འབྲེལ་ཡོད་དཔྱད་རྩོམ་ཨ་རིའི《གནམ་གཟུགས་དངོས་ཁམས་རིག་པའི་དུས་དེབ་ཀྱི་གསལ་འཕྲིན་》ཐོག་བཀོད་ཟིན་པ་རེད།