གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 08ཚེས་01ཉིན། 14:14】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཏུང་ཅིན་དུ་ཀྲུང་གོ་བ་གཉིས་ལ་ཐོབ་ཐང་མི་གསལ་བའི་མི་སྣའི་འཇབ་རྒོལ་ཕོག་ནས་རྨས་སྐྱོན་ཚབས་ཆེན་བྱུང་འདུག
རི་པིན་གྱི་སྐབས་དོན་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་7ཚེས་31ཉིན་ཀྲུང་གོ་བ་ཡིན་པའི་སྐྱེས་པ་གཉིས་ཏུང་ཅིན་གྱི་ཁྲོམ་གཞུང་དུ་ཐོབ་ཐང་གསལ་པོ་མེད་ཅིང་ལྕགས་ཧྲེང་འཁྱེར་བའི་སྐྱེས་པ་4ཡིས་འཇབ་རྒོལ་བྱས་ནས་མགོར་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད། འཇབ་རྒོལ་བྱེད་མཁན་གྱིས་ཉེས་གསོག་བྱས་རྗེས་རླངས་འཁོར་བཏང་ནས་བྲོས་བྱོལ་དུ་སོང་བ་དང་ས་གནས་དེ་གའི་ཉེན་རྟོག་ཕྱོགས་ཀྱིས་ད་ཆ་བཟུང་ཐབས་བྱེད་བཞིན་ཡོད་པ་རེད།
གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་31ཉིན་གྱི་སྔ་དྲོའི་ཆུ་ཚོད་9པ་ཙམ་དུ། གནས་ཚུལ་ལྷག་ཡུལ་མཐོང་མཁན་ཞིག་གིས་ཉེན་རྟོག་པར་ཁ་པར་བརྒྱབ་ནས་ཏུང་ཅིན་གྲོང་ཁྱེར་གྱི་ཆན་ཏའེ་ཐེན་ཁུལ་གྱི་ཧྲེན་ཐེན་ཞུའེ་ཐེན་ཏིང་ཁྲོམ་གཞུང་དུ་“ཁ་རྩོད་བྱུང་ནས་ལྕགས་ཧྲེང་འཁྱེར་བའི་ཕྱོགས་ཀྱིས་ཕྱོགས་གཞན་པ་རྡུང་རྡེག་བཏང་འདུག་”ཅེས་འཁོད།
ཉེན་རྟོག་ཕྱོགས་ཀྱིས་བརྡ་ཁྱབ་བཏང་བ་ལྟར་ན། དོན་རྐྱེན་ཐོན་སྐབས་ཀྲུང་གོའི་སྐྱེས་པ་དེ་གཉིས་ཁྲོམ་གཞུང་དུ་འགྲོ་བཞིན་ཡོད་དུས། གློ་བུར་ན་གཞོན་སྐྱེས་པ་4ཡིས་འཇབ་རྒོལ་བྱས་ནས་མགོ་ལ་ཁྲག་དོན་ནས་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད། འཇབ་རྒོལ་བྱེད་མཁན་གྱིས་བྱས་ཉེས་བསགས་རྗེས་ཆིའུ་ཡེ་ཡོན་རླངས་འཁོར་འབབ་ཚུགས་ཕྱོགས་སུ་བྲོས་པ་མ་ཟད། ཀོན་ཤིའི་ཨང་རྟགས་བསྒར་བའི་རླངས་འཁོར་ཞིག་ལ་བསྡད་ནས་བྲོས་པ་རེད།
ཉེན་རྟོག་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན། འཇབ་རྒོལ་བྱེད་མཁན་4པོའི་ལོ་ཚོད་ནི་ལོ་ཉི་ཤུ་ཡས་མས་ཡིན་པ་རེད།
རྨས་སྐྱོན་ཕོག་མཁན་ཕྱོགས་ནས་བཤད་དོན། ཁོ་ཚོ་དང་འཇབ་རྒོལ་བྱེད་མཁན་ངོ་མི་ཤེས་པ་དང་དོན་རྐྱེན་ཐོན་སྐབས་ཕ་རོལ་པོས་དངུལ་འཕྲོག་བཅོམ་སོགས་ཀྱང་བྱས་མེད་པ་རེད།
དོན་རྐྱེན་འབྱུང་ཡུལ་ནི་ཧྲེན་ཐེན་རླངས་འཁོར་འབབ་ཚུགས་ཀྱི་ཉེ་འགྲམ་དུ་ཡིན་པ་དང་། ཟ་ཁང་དང་ཚོང་ལས་སྒྲིག་བཀོད་འདུས་ཆེ་བའི་ས་ཁོངས་ཤིག་རེད།