འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་30ཉིན།

བོད་ལྗོངས་གཞིས་རྩེའི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁས།

༄༅།།སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་བསྣན་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། མོང་ཞང་ཧྥུའུ། སུང་ཧྥེ། གོ་ལ་ཧྲིལ་པོའི་སྐབས་དོན་ཚགས་པར་གྱི་གསར་འགོད་པ། ལི་ཞུན་ཏེན།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་30ཉིན། 09:33】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     2024ལོའི་ཟླ་8པར། བོད་ལྗོངས་གཞིས་རྩེའི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་ཕྱིར་གཏོང་དངོས་ཟོག་ཞིབ་བཤེར་བྱེད་ས་དངོས་སུ་སྤྱོད་འགོ་ཚུགས་ཤིང་། དེང་རབས་ཅན་གྱི་སྒྲིག་བཀོད་དེར་སྒོ་ཁྲལ་སྙན་ཞུ་དང་། དཔྱད་བཤེར། བརྒྱུད་འདྲེན། འདོན་འཇུག གསོག་འཇོག སྡེབ་སྒྲིག་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་ཡོད་ལ། ཉིན་རེར་ཕྱིར་གཏོང་དངོས་ཟོག་གི་རླངས་འཁོར་300ལ་དཔྱད་བཤེར་བྱེད་ཐུབ་པས། བོད་ཀྱིས་ཕྱི་རྒྱལ་གྱི་ཁྲོམ་ར་དང་འབྲེལ་མཐུད་བྱེད་པའི་འགག་རྩའི་ལྟེ་གནས་ཤིག་ཏུ་འགྱུར་ཡོད།

འགག་སྒྲོལ་བརྒྱུད་རིམ་སྟབས་བདེ་རུ་བཏང་ནས་དངོས་ཟོག་བསྡུ་འགྲེམས་བྱེད་བདེ་རུ་བཏང་བ།

     རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་འགག་སྒོའི་ལྟ་འདོམས་བརྙན་ཤེལ་ཆེན་པོའི་མདུན་དུ་གསར་འགོད་པས་ཟོག་འཁོར་ཞིག་ལ་འགག་སྒྲོལ་དཔྱད་བཤེར་བྱེད་བཞིན་པ་མཐོང་བྱུང་། ལས་དོན་པས་བྱི་བརྡ་མནན་ཙམ་བྱས་མ་ཐག་དངོས་ཟོག་གི་ཆ་འཕྲིན་ཚང་མ་གློག་ཀླད་ཀྱི་འཆར་ཤེལ་ཐོག་མངོན་གྱི་འདུག “ད་ལྟ་ང་ཚོས་སྔོན་ཐོན་གྱི་དོས་སྒམ་ཆེ་གྲས་ལ་ཞིབ་བཤེར་བྱེད་པའི་མ་ལག་སྤྱོད་ཀྱི་ཡོད”ཅེས་གཞིས་རྩེ་གྲོང་ཁྱེར་འགག་སྒོ་ཕྱོགས་བསྡུས་ལས་སྒོ་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ཚེ་རིང་མཚོ་མོས་བཤད་པ་དང་། ཁོང་གིས། དངོས་ཟོག་ཐོན་སྐྱེད་བྱ་ཡུལ་ནས་ལྕགས་ལམ་དང་གཞུང་ལམ་བརྒྱུད་སྐམ་སའི་གྲུ་ཁར་དབོར་ཏེ་དཔྱད་བཤེར་བྱས་རྗེས་དངོས་ཟོག་བླུགས་པའི་དོས་སྒམ་ལ་བྱང་སྐར་མ་ལག་གཞིར་བཟུང་བཟོས་པའི་འགག་སྒོའི་རིག་ནུས་གློག་རྡུལ་སྒོ་ལྕགས་བརྒྱབ་སྟེ་བརྒྱུད་རིམ་ཧྲིལ་པོ་ཚོད་འཛིན་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད། དེ་རྗེས་དོས་སྒམ་བླུགས་པའི་ཟོག་འདྲེན་རླངས་འཁོར་མཐའ་མཚམས་འགག་སྒོར་ཐད་ཀར་བསྐྱོད་དེ་ཆ་འཕྲིན་ཞིབ་བཤེར་ནོར་འཁྲུལ་མེད་པ་གཏན་འཁེལ་བྱུང་རྗེས་དཔྱད་བཤེར་ཐེངས་གཉིས་པ་བྱེད་མི་དགོས་པར་མྱུར་དུ་འགག་སྒོ་སྒྲོལ་ཐུབ་ཀྱི་ཡོད་ཅེས་བཤད།

     གཞིས་རྩེའི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་དེ་གྲོང་ཁུལ་དང་བར་ཐག་སྤྱི་ལེ་5དང་གནམ་ཐང་དང་བར་ཐག་སྤྱི་ལེ་50ཙམ་ལས་མེད་པ་དང་། ལྷ་གཞིས་ལྕགས་ལམ་གྱི་འགྲུལ་སྐྱེལ་ས་ཚིགས་དང་ཟོག་འདྲེན་ས་ཚིགས་ཀྱང་ཐག་ཉེ་པོ་ཡོད་པས། སྐྱིད་གྲོང་དང་། འགྲམ། ལེགས་རྩེ་སོགས་འགག་སྒོ་གལ་ཆེན་ལ་མྱུར་དུ་འབྱོར་ཐུབ་པ་སོགས་འགྲིམ་འགྲུལ་ས་བབ་ཀྱི་ལེགས་ཆ་ལྡན་ཡོད།

     “རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་དངོས་ཟོག་བསྡུ་འགྲེམས་ནི་ལྗོངས་ནང་ཁུལ་དུ་འཁོར་རྒྱུག་དང་། ཞིང་ཆེན་དང་ས་ཁོངས་བསྒྲལ་ནས་མཉམ་འགུལ། ཕྱི་རྒྱལ་དུ་གཏོང་བ་བཅས་གཙོ་བོར་འཛིན་གྱི་ཡོད”ཅེས་གཞིས་རྩེ་ཁྲེང་ཡིའུ་མཁོ་སྤྲོད་འཁོར་འབྲེལ་དོ་དམ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་བསྟན་འཛིན་རྣམ་རྒྱལ་གྱིས་བཤད་པ་དང་། ཁོང་གིས་མིག་སྔར་སྐམ་སའི་གྲུ་ཁ་བརྒྱུད་ཕྱིར་གཏོང་བྱེད་པའི་དངོས་ཟོག་དེ་སྔའི་ཁྱིམ་ཆས་དང་། གྱོན་ཆས། ཁྱིམ་སྤྱོད་གློག་ཆས་བཅས་རིགས་གསུམ་ནས་ད་ཆའི་ནུས་རྒྱུ་གསར་པའི་རླངས་འཁོར་དང་། ལིས་གློག་རྫས། འོད་ཤུགས་ཐོན་རྫས་བཅས་ཀྱི་རིགས་གསུམ་ལ་བསྒྱུར་ཡོད། ད་ལོའི་ཟླ་3པ་ནས་ཟླ་5པའི་བར། ནུས་རྒྱུ་གསར་པའི་རླངས་འཁོར་1000ལྷག་ཙམ་ཧྲང་ཧའེ་སོགས་ནས་ལྕགས་ལམ་བརྒྱུད་གཞིས་རྩེའི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་དུས་གཏན་མེ་འཁོར་འདུ་འགྲེམས་ལྟེ་གནས་སུ་དབོར་རྗེས། གཞུང་ལམ་དང་ལྕགས་ལམ་མཉམ་འབྲེལ་སྐྱེལ་འདྲེན་བྱེད་སྟངས་བརྒྱུད། སྐྱིད་གྲོང་དང་འགྲམ་འགག་སྒོར་བཏང་ནས་རྩིས་བཤེར་བྱས་རྗེས་རྒྱལ་སྤྱིའི་ཁྲོམ་རར་གཏོང་གི་ཡོད།

ཁྱད་ལྡན་ཐོན་ཁུངས་ལ་གཞི་ཚུགས་ནས་ཐོན་ལས་ཁོར་ཡུག་གསར་རྐྱང་སྐྱེད་སྲིང་བྱས་པ།

     གཞིས་རྩེའི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་བོད་ལ་ཐོན་ལས་ཁོར་ཡུག་གསར་རྐྱང་ཞིག་སྐྱེད་སྲིང་བྱེད་བཞིན་ཡོད། ད་ལོའི་ཟླ་6པའི་བར། སྐམ་སའི་གྲུ་ཁར་རིམ་རྩིས་བརྒྱབ་ན་ཁེ་ལས་150ལྷག་ཙམ་ཐོ་འགོད་བྱས་པའི་ནང་བཟའ་བཅའ་ལས་སྣོན་དང་། འཛུགས་སྐྲུན་རྒྱུ་ཆ། མཛོད་ཉར་ཟོག་འགྲེམས། ནུས་རྒྱུ་གཙང་མ་སོགས་ཀྱི་ལས་རིགས་ཚུད་པ་དང་། རིམ་རྩིས་བརྒྱབ་ན་ཚོང་འགུགས་མ་འདྲེན་རྣམ་གྲངས་ཁག་53དོན་འཁྱོལ་བྱས་པ་དང་རྣམ་གྲངས་ཁག་48ལས་འགོ་བཙུགས་པ། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་33.02བཏང་སྟེ་མི་2369ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད།

ཐོན་ལས་བཀོད་སྒྲིག་ཐད་རྒྱལ་སྤྱིའི་སྐམ་སའི་གྲུ་ཁས་ཕྱིར་གཏོང་དངོས་ཟོག་དཔྱད་བཤེར་བྱེད་ས་ལྟེ་བར་བྱས་ནས་དེང་རབས་ཟོག་འགྲེམས་དང་། འགག་སྒོའི་ཞབས་ཞུ། ཐོན་ལས་ཀྱི་ལྷན་སྦྱར་སྒྲིག་བཀོད་སོགས་གཙོ་ཁྲིད་ནུས་པ་འཕེལ་རྒྱས་བཏང་བ་དང་ཆབས་ཅིག སྐྱེ་དངོས་སྨན་རྫས་དང་། ཁྱད་ལྡན་བདེ་ཐང་བཟའ་བཅའ། ནུས་རྒྱུ་གཙང་མ་སོགས་ཁྱད་ལྡན་ཐོན་ལས་ཀྱང་སྐྱེད་སྲིང་བྱས་ཡོད།

རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་རྒྱ་སྐྱེད་བཏང་ནས་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་བ།

    ཁྱབ་འགྱེད་ནུས་པ་ཆེ་རུ་གཏོང་ཆེད། གཞིས་རྩེའི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁར་སྒོ་ཁྲལ་མེད་པའི་མཛོད་ཁང་དང་ཕྱིར་གཏོང་ལྟ་འདོམས་མཛོད་ཁང་སྐྲུན་མགྱོགས་སུ་བཏང་ནས། “དཔྱད་བཤེར་ཁང་དང་སྒོ་ཁྲལ་མེད་པའི་མཛོད་ཁང་ཟུང་འབྲེལ”བྱས་པ་བརྒྱུད་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་སོགས་ལས་རྣམ་གསར་པ་རྒྱ་སྐྱེད་གཏོང་བཞིན་ཡོད། ད་ལོའི་ཟླ་5པར། གཞིས་རྩེ་ཁྲེང་ཡིའུ་མཁོ་སྤྲོད་འཁོར་འབྲེལ་དོ་དམ་ཚད་ཡོད་ཀུང་སིས་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་B2B(ཁེ་ལས་དང་ཁེ་ལས་ཐད་ཀར་འབྲེལ་མཐུད)ཡི་ཐད་ཀར་ཕྱིར་གཏོང་བྱེད་སྟངས་བརྒྱུད། བརྒྱ་ཟོག་ཁག་གཅིག་བདེ་བླག་ངང་ཕྱིར་གཏོང་བྱས་པས། གཞིས་རྩེའི་འགག་སྒོའི་ཁོངས་གཏོགས་ཁེ་ལས་ཀྱི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ལས་སྒོར་ཚད་བརྒལ་གསར་པ་བྱུང་ཡོད།

     གཞིས་རྩེ་ཞིང་ལས་མ་འཇོག་ཅིན་པོ་ས་གདན་མཛེས་རྒྱན་ཚན་རྩལ་ཚད་ཡོད་ཀུང་སིས་བོད་རུམ་འཁེལ་ཐག་དང་ཕྱིར་གཏོང་ལས་ལ་རྩེ་གཅིག་ཏུ་གཞོལ་བཞིན་ཡོད་ཅིང་། ཀུང་སིའི་འགན་འཁུར་བ་ཆའོ་མིང་རུའེ་ཡིས། “སླད་ཕྱིན་ཕྱིར་གཏོང་དངོས་ཟོག་སྒོ་ཁྲལ་མེད་པའི་མཛོད་ཁང་དུ་སྒོ་ཁྲལ་སྙན་ཞུ་དང་དཔྱད་བཤེར་སོགས་ཀྱི་འགྲོ་ལུགས་གཉེར་ཆོག་པས། ཁེ་ལས་ཀྱི་མ་དངུལ་གྱི་གནོན་ཤུགས་ཆུང་དུ་དང་དངོས་ཟོག་འཁོར་རྒྱུག་གི་ལས་ཕྱོད་ཆེ་རུ་འགྲོ་རྒྱུ་རེད”སྒོ་ཁྲལ་མེད་པའི་མཛོད་ཁང་འདི་ཉིད་ཕྱི་ཕྱོགས་ཅན་གྱི་ཟོག་འགྲེམས་མཚམས་ཚིགས་ཤིག་ཡིན་པའི་ངོས་ནས་ཁེ་ལས་ཀྱིས་རྒྱལ་སྤྱིའི་ཉོ་སྒྲུབ་ཚོང་པ་དང་འབྲེལ་མཐུད་བྱེད་བདེ་རུ་ཕྱིན་པ་མ་ཟད། བོད་རུམ་ཕྱི་རྒྱལ་གྱི་ཁྲོམ་རར་ཁྱབ་གདལ་གཏོང་བར་དེ་བས་སྟབས་བདེ་བསྐྲུན་ཡོད་ཅེས་བཤད།

     ཀྲེ་ཅང་དང་། ཧྲན་ཏུང་། ཀོང་ཏུང་སོགས་ཞིང་ཆེན་གྱི་དངོས་ཟོག་དག་གཞིས་རྩེ་བརྒྱུད་ཕྱིར་གཏོང་བྱས་ཏེ“ལྗོངས་ཕྱིར་ཚོང་ཟོག་བསྡུ་རུབ་བྱས་ནས་གཞིས་རྩེར་དཔྱད་བཤེར་བྱས་རྗེས་འགག་སྒོ་བརྒྱུད་ཕྱིར་གཏོང་བྱེད་པའི”ནུས་ཆེའི་མཁོ་སྤྲོད་འཁོར་འབྲེལ་ཞིག་གྲུབ་ཡོད།

    “གཞིས་རྩེའི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁས་ས་ཁོངས་ཀྱི་ཕྱི་ཕྱོགས་སྒོ་དབྱེ་དང་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་བོད་ལྗོངས་འདི་ཉིད‘རྒྱུད་གཅིག་ལམ་གཅིག’འཛུགས་སྐྲུན་ནང་དེ་བས་ལེགས་པའི་ངང་མཉམ་འདྲེས་ཐུབ་པར་ཕན་ཐོགས་ཡོད”ཅེས་གཞིས་རྩེའི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི(དཔལ་འབྱོར་གསར་སྤེལ་ཁུལ)དོ་དམ་ཨུ་ལྷན་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་ལི་ཧྲི་ཧྭ་ཡིས་བཤད།