ལོ་3མན་གྱི་ཕྲུ་གུ་རེར་ལོ་རེར་ཁ་གསབ་སྒོར་3600སྤྲོད་རྒྱུ་ཡིན་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་30ཉིན། 09:32】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་28ཉིན། རྒྱལ་ཁབ་ཀྱི་བུ་གསོའི་ཁ་གསབ་ལམ་ལུགས་ལག་བསྟར་ཇུས་གཞི་ཁྱབ་བསྒྲགས་བྱས་ཤིང་། 2025ལོའི་ཟླ་1ཚེས་1ཉིན་ནས་བཟུང་ཕྲུ་གུ་གཅིག་དང་། གཉིས། གསུམ་བཅས་གང་ཡིན་རུང་ལོ་3ལ་མ་སླེབས་བར་ལོ་ལྟར་གྱི་ཁ་གསབ་སྒོར་3600ལེན་ཆོག་གི་ཡོད་པ་རེད།
ཇུས་གཞིའི་ནང་ཁ་གསལ་བཏོན་དོན། བུ་གསོའི་ཁ་གསབ་དེ་ཕྲུ་གུའི་ཕ་མའམ་ཡང་ན་དེ་མིན་གྱི་ལྟ་སྐྱོང་བས་གཏན་འབེབས་ལྟར་ཕྲུ་གུའི་ཐེམ་ཐོ་ཡོད་ས་ནས་རེ་ཞུ་བྱེད་དགོས་ཤིང་། གཙོ་བོ་བུ་གསོའི་ཁ་གསབ་ཆ་འཕྲིན་དོ་དམ་མ་ལག་བརྒྱུད་དྲ་ཐོག་ནས་རེ་ཞུ་བྱེད་ཆོག་ལ། དྲ་ཕྱི་ནས་ཀྱང་རེ་ཞུ་བྱེད་ཆོག་གི་ཡོད། ཞིང་ཆེན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཁ་གསབ་སྤྲོད་པའི་ཞིབ་ཕྲའི་དུས་ཚོད་གཏན་འཁེལ་བྱ་རྒྱུ་རེད།
2025ལོའི་ཟླ་1ཚེས་1གོང་དུ་སྐྱེས་པ་གང་ཞིག་ལོ་3ལ་མ་སླེབས་པའི་ཕྲུ་གུས་ཀྱང་སྲིད་ཇུས་དེ་ལོངས་སུ་སྤྱོད་ཆོག་ཅིང་། ཟླ་གྲངས་ལྟར་ཕབ་རྩིས་བརྒྱབ་ནས་དེ་མཚུངས་ཀྱི་ཁ་གསབ་ལེན་ཆོག་པ་དཔེར་ན། 2023ལོའི་ཟླ་12པར་སྐྱེས་པའི་ཕྲུ་གུར་ཆ་མཚོན་ན། ཁྱོན་བསྡོམས་ཟླ་བ་24ཡི་ཁ་གསབ་སྒོར་7200ལེན་ཆོག་གི་ཡོད།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས། དེ་ནི་རྒྱལ་ཡོངས་རང་བཞིན་གྱི་དམངས་འཚོའི་སྲིད་ཇུས་གལ་ཆེན་ཞིག་རེད། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་བུ་གསོའི་ཁྱིམ་ཚང་སྤྱི་ཡོངས་ལ་ཐད་ཀར་དངུལ་སྨར་གྱི་ཁ་གསབ་སྤྲད་དེ། ཁྱིམ་ཚང་གི་བུ་བཙའ་དང་བུ་གསོའི་མ་གནས་དམའ་རུ་གཏོང་རོགས་བྱ་རྒྱུ་ཡིན་ཞིང་། སྔོན་དཔག་བྱས་ན། ལོ་ལྟར་ཁྱིམ་ཚང་ཁྲི་2000ལྷག་ཙམ་ལ་ཕན་པ་ཐོབ་རྒྱུ་རེད་ཅེས་བརྗོད།
ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་རབ་དང་རིམ་པ་བཏོན་པ་སྟེ། མི་སྒེར་གྱི་ཐོབ་ཁྲལ་ཆེད་དོན་ཟུར་སྣོན་འཐེན་འཕྲི་བྱེད་པ་ནས་ཀུན་ཕན་བཅོལ་གསོའི་ཞབས་ཞུ་འཕེལ་རྒྱས་གཏོང་བའི་བར་ལ་བུ་གསོའི་ཁྱིམ་ཚང་གི་དགའ་བསུ་ཐོབ་ཡོད།
རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སྤྱི་ཚོགས་འཕེལ་རྒྱས་སུའོ་ཡི་ཞིབ་འཇུག་པ་ཀྲང་པིན་པོས“རྒྱལ་སྤྱིའི་ལག་ལེན་གྱི་ཉམས་མྱོང་ལས་བུ་བཙར་རྒྱབ་སྐྱོར་བྱེད་པར་ཕྱོགས་བསྡུས་ཀྱི་བྱ་ཐབས་དགོས། དེའི་ནང་ནས་དངུལ་སྨར་ཁ་གསབ་ནི་མེད་དུ་མི་རུང་བའི་རྒྱུ་རྐྱེན་ཞིག་ཡིན་པ་གསལ་བཤད་ཐུབ་ཡོད”ཅེས་བཤད།
མིག་སྔར་རྒྱལ་ཡོངས་སུ་ཞིང་ཆེན་20ལྷག་ཙམ་གྱིས་རིམ་པ་མི་འདྲ་བར་བུ་གསོའི་ཁ་གསབ་སྤྲོད་ཐབས་འཚོལ་ཞིབ་བྱེད་བཞིན་ཡོད། རིགས་གཅིག་མཁས་ཅན་གྱིས། རྒྱལ་ཁབ་ཀྱིས་བུ་གསོའི་ཁ་གསབ་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས་ཁྱབ་རྒྱ་དེ་བས་ཆེ་རུ་དང་། རྒྱབ་སྐྱོར་བྱེད་ཤུགས་དེ་བས་ཆེ་རུ། སྲིད་ཇུས་རྒྱུན་མཐུད་རང་བཞིན་དེ་བས་ཆེ་རུ་བཅས་གཏོང་རྒྱུ་དང་། ལྷག་པར་དུ་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་ངོས་ནས་བརྗོད་ན་རྒྱབ་སྐྱོར་དེ་རིགས་དེ་བས་གལ་འགངས་ཆེན་པོ་རེད་ཅེས་བརྗོད།
རྒྱལ་ཁབ་ཀྱི་ངོས་ནས་བལྟས་ན། ལོ་ལྟར་ཕྲུ་གུ་ཁྲི་2000ལྷག་ཙམ་ལ་ཁ་གསབ་སྤྲོད་རྒྱུ་ནི་གྲངས་འབོར་ཉུང་ཉུང་ཞིག་གཏན་ནས་མིན། གྲོན་དངུལ་དེ་གཙོ་བོ་ཀྲུང་དབྱང་ནོར་སྲིད་ནས་གཏོང་རྒྱུ་ཡིན་པས། བཀོལ་སྤྱོད་བྱེད་ཆོག་པའི་ནོར་ཤུགས་དང་ས་ཁུལ་དབར་གྱི་དོ་མཉམ་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་ཏེ། ནུས་པས་ལྕོགས་ཚོད་ཀྱིས་སྒྲུབ་དགོས།
ཀྲུང་གོའི་མི་འབོར་དང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཧོ་ཏན་གྱིས། “བུ་གསོའི་ཁ་གསབ་ནི‘མི་སྐྱོང་མ་འཇོག’གི་ཕུགས་ཕན་བྱ་ཐབས་ཤིག་ཡིན་པས། བུ་བཙའ་མཛའ་མཐུན་རྣམ་པའི་ལམ་ལུགས་ཀྱི་ཁོར་ཡུག་སྐྲུན་པར་ཕན་ཐོགས་ཡོད”ཅེས་བཤད།