གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་30ཉིན། 09:31】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཞིང་ལས་གྲོང་གསེབ་པུའུ་སོགས་སྡེ་ཚན་བཅུས་ཞིང་ལས་ཐོན་རྫས་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུའི་ལག་བསྟར་ཇུས་གཞི་ཁྱབ་བསྒྲགས་བྱས་ནས་སྣ་མང་ཅན་དང་། སྤུས་ཚད་ཅན། ཁྱད་པར་ཅན་བཅས་ཀྱི་འཛད་སྤྱོད་ཀྱི་མངོན་མེད་སྟོབས་ཤུགས་ཧུར་ཐག་བཏོན་ཏེ་ཞིང་ལས་ཐོན་རྫས་འཛད་སྤྱོད་བྱེད་རྒྱ་ཆེ་རུ་བཏང་ཡོད་པ་རེད།
མཁོ་སྤྲོད་མཐའ་སྣེ་ལེགས་སུ་གཏོང་རྒྱུའི་ཐད་ལག་བསྟར་ཇུས་གཞིའི་ནང་ལྗང་མདོག་སྤུས་ལེགས་ཐོན་རྫས་མཁོ་སྤྲོད་ལེགས་སུ་བཏང་ནས་རིམ་པ་མང་པོའི་འཛད་སྤྱོད་ཀྱི་དགོས་མཁོ་སྐོང་དགོས་ཞེས་བཏོན་པ་དང་འབྲེལ། “ཐོན་རྫས་གསུམ་དང་ཚད་གཞི་གཅིག”གི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། སྤུས་ཚད་གདེང་འཇོག་དང་སྤུས་ཚད་རིམ་དབྱེར་སྐུལ་འདེད་གཏོང་རྒྱུ། ལས་སྣོན་ཐོན་རྫས་གསར་པ་གསར་སྤེལ་བྱ་རྒྱུ། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་བཟའ་བཅའ་གསར་གཏོད་བྱ་རྒྱུ་སོགས་བཀོད་སྒྲིག་ཀྱང་བྱས་ཡོད་པ་རེད།
འཁོར་རྒྱུག་མཐའ་སྣེ་གསར་གཏོད་བྱ་རྒྱུའི་ཐད་ལག་བསྟར་ཇུས་གཞིའི་ནང་ཐོན་སྤྲོད་ཚོང་གསུམ་གནད་སྨིན་འབྲེལ་མཐུད་ལ་སྐུལ་འདེད་གཏོང་རྒྱུ་དང་། དྲ་མིན་གྱི་འཛད་སྤྱོད་ཐབས་ལམ་རྒྱ་སྐྱེད་གཏོང་རྒྱུའི་གཏན་འཁེལ་ཁ་གསལ་བྱས་པ་མ་ཟད། དུས་སྟོན་འགྲེམས་ཚོགས་ཀྱི་འཛད་སྤྱོད་ལས་སྟེགས་གསར་གཏོད་དང་། ཞིང་ལས་ཐོན་རྫས་ཀྱི་འཛད་སྤྱོད་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛད་སྤྱོད་སྒྲིག་བཀོད་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་སོགས་ཀྱི་ཐད་བཀོད་སྒྲིག་ཞིབ་ཕྲ་བྱས་ཡོད། གཞན་ཡང་། ལག་བསྟར་ཇུས་གཞིའི་ནང་ད་དུང་དྲ་ཚོང་ལས་སྟེགས་ཀྱི་ལེགས་ཆ་བཏོན་ནས་དྲ་རྒྱའི་འཛད་སྤྱོད་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས་པ་དང་། དེ་བཞིན་ཐོན་ཚོང་ས་ཁོངས་མཉམ་ལས་བྱས་ཏེ་མཉམ་སྒྲུབ་རོགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད་པ་རེད།
ཁྲོམ་རའི་མཐའ་སྣེ་སྐུལ་སློང་བྱེད་པའི་ཐད། ལག་བསྟར་ཇུས་གཞིའི་ནང་ཆེད་དོན་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་བྱ་རྒྱུ་སྒྲིག་འཛུགས་བྱས་ནས་འཚོ་བཅུད་བདེ་ཐང་གི་འཛད་སྤྱོད་དར་སྤེལ་གཏོང་རྒྱུ་དང་། སྤུས་རྟགས་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་འཛད་སྤྱོད་ཀྱི་ཡིད་ཆེས་ཆེ་རུ་གཏོང་རྒྱུ། ཞིང་ལས་དང་། རིག་གནས། ཡུལ་སྐོར་གསུམ་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས་འཛད་སྤྱོད་ཀྱི་བར་མཐོངས་གསར་པ་གཏོད་རྒྱུ། ཕྱི་ནང་ཚོང་དོན་གཞི་གཅིག་ཅན་དུ་མགྱོགས་མྱུར་འགྱུར་བ་བྱས་ནས་འཛད་སྤྱོད་ཀྱི་ཕྱི་ནང་མཉམ་འགུལ་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཁ་གསལ་བཏོན་ཡོད་པ་རེད།
ལག་བསྟར་ཇུས་གཞིའི་ནང་ད་དུང་སྡེ་ཚན་དབར་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ལས་ཀའི་མཉམ་ཤུགས་ཆགས་པར་བྱེད་དགོས་ཞེས་ནན་བཤད་བྱས་པ་དང་འབྲེལ། ལྷན་སྦྱར་གྱི་ལས་ཀའི་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ནོར་སྲིད་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། འཁོར་འབྲེལ་ཧྲིལ་པོའི་མཐུན་སྦྱོར་ལྟ་འདོམས་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་ཐད་བཀོད་སྒྲིག་བྱས་ཡོད་པ་རེད།