འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་8ཉིན།

༄༅།།འགྲིམ་འགྲུལ་འགྲེམས་སྟོན་ལས་ཕྱིས་འབྱུང་ཕྱིར་སྐྱོད་ཀྱི་དཔེ་རིས་གསར་པ་མངོན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་08ཉིན། 13:40】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཟླ་7ཚེས་3ཉིན་དུས་ཡུན་ཉིན་3ཡིན་པའི་རྒྱལ་སྤྱིའི་འགྲིམ་འགྲུལ་ལག་རྩལ་དང་སྒྲིག་ཆས་འགྲེམས་ཚོགས་སྐབས་བཅུ་བདུན་པ་པེ་ཅིང་དུ་མཇུག་འགྲིལ་ཞིང་། འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་ལག་རྩལ་དང་སྒྲིག་ཆས་གསར་ཤོས་མང་པོ་ཞིག་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ནས་ཕྱིས་འབྱུང་ཕྱིར་སྐྱོད་ཀྱི་དཔེ་རིས་གསར་པ་ཞིག་མངོན་པར་བྱས་ཡོད།

    དཔེ་རིས་ནང་རིག་ནུས་ལྡན་པའི་འགྲིམ་འགྲུལ་གྱི་འགུལ་རྣམ་གསར་པ་འདུས་ཡོད། འགྲེམས་སྟོན་ཁང་དུ་སྐྱོད་སྐབས། སྐམ་ས་དང་མཁའ་སྐྱོད་གཉིས་ལས་གྲུབ་པའི་འཕུར་སྐྱོད་རླངས་འཁོར་གྱིས་ལྟད་མོ་བའི་ཡིད་དབང་བཀུག་ཡོད། “མིག་སྔར་ཚོང་ལས་ཅན་དུ་འགྱུར་བའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད”ཅེས་ཞའོ་ཕེང་ཧུའེ་ཐེན་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས།

     ཏི་ཏི་ཀུང་སིའི་འགྲེམས་གནས་ཀྱི་རང་འགུལ་ཁ་ལོ་སྒྱུར་བའི་རབས་གསར་པའི་བཟོ་གྲྭའི་སྔོན་སྒྲིག་ཐོན་འབོར་Robotaxiརླངས་འཁོར་བཟོ་དབྱིབས་ཀྱིས་ཚོར་ཆས་སྣ་ཚོགས་ལ་བརྟེན་ནས་ཕན་ཚུན་གཞོགས་འདེགས་ཀྱིས་ཕྱོགས་ཚང་མ་ནས་ལྟ་ཐུབ་པ་དང་སྒྲིག་ཆས་འཁོར་སྐྱོད་ཧྲིལ་པོ་ཚོར་ཤེས་དབྱེ་འབྱེད་ཐུབ་པ་དང་། ཅིང་ཏུང་ཟོག་འགྲེམས་ཀྱིས་བཏོན་པའི་རབས་གསར་པའི་གྲོང་ཁྱེར་གྱི་སྡེབ་སྐྱེལ་མི་མེད་གནམ་གྲུས་ལམ་ཐག་རིང་ཤོས་ལ་སྤྱི་ལེ་24འཕུར་ཐུབ་པ་སོགས་མི་ཐབས་རིག་ནུས་ཀྱིས་གཙོས་པའི་ཆ་འཕྲིན་ལག་རྩལ་དང་འགྲིམ་འགྲུལ་སྐྱེལ་འདྲེན་མཉམ་འདྲེས་གཏིང་ཟབ་ཐུབ་ནས་འགྲིམ་འགྲུལ་ལག་རྩལ་དང་སྒྲིག་ཆས་གསར་བརྗེས་ལ་སྐུལ་མ་མྱུར་པོ་ཐེབས་ཡོད།

     དཔེ་རིས་འདིའི་ནང་ད་དུང་ནུས་ཆེའི་ཟོག་འགྲེམས་བྱེད་སྟངས་གསར་པ་འདུས་ཡོད། ཧྲུན་ཧྥུང་ཀུང་སིས་ཧྲེན་ཀྲེན་ས་འོག་ལྕགས་ལམ་ཚོགས་པ་དང་མཉམ་དུ་བཏོད་པའི་ཕུའུ་ཐེན་ནས་པི་ཧའེ་མཚོ་ཁུག་བར་གྱི་མཁའ་ལམ་དང་ལྕགས་ལམ་མཉམ་འབྲེལ་སྐྱེལ་འདྲེན་གྱི་དཔེ་སྟོན་ལམ་ཐིག་གིས་མི་མེད་གནམ་གྲུ་དང་། བབས་ཚུགས། མི་མེད་རླངས་འཁོར། ས་འོག་ལྕགས་ལམ་བཅས་འབྲེལ་མཐུད་བྱས་པ་བརྒྱུད་ཟོག་འགྲེམས་སྡེབ་སྐྱེལ་གྱི་ཕན་འབྲས་དེ་བས་ཆེ་རུ་འགྲོ་བར་རམ་འདེགས་ཐུབ་ཡོད། སི་ཁྲོན་གྲུ་ཁ་མཚོ་འགྲུལ་ཚོགས་པས་བཏོན་པའི་རྣམ་པ་མང་བའི་མཉམ་འབྲེལ་སྐྱེལ་འདྲེན་གྲངས་འཛིན་རིག་ནུས་ལས་སྟེགས་དེས་ཞིང་ཆེན་ཡོངས་ཀྱི“ལྕགས་ལམ་དང་། གཞུང་ལམ། མཚོ་ལམ། མཁའ་ལམ། སྦྲག་ལམ་བཅས”ཀྱི་རྒྱུ་རྐྱེན་གཙོ་བོའི་གྲངས་གཞི་བསྡུ་རུབ་བྱས་པ་བརྒྱུད། AIདཔེ་དབྱིབས་ཆེ་གྲས་སོགས་ཀྱི་ལག་རྩལ་སྤྱད་དེ་བྱེད་ནུས་ཆ་ཚང་བའི“ཟོག་འགྲེམས་སྒོ་རྩིས་ཚོང་ཁང”ཞིག་བཙུགས་ཡོད།