འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་7ཉིན།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧྲང་ཧའེ་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་ཚོད་ལྟའི་བྱ་ཐབས་77ལད་ཟློས་ཁྱབ་གདལ་གཏོང་རྒྱུའི་ཡིག་ཆ་བཏོན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་06ཉིན། 10:34】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་3ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིན་ཤས་གོང་བཀྲམ་པའི《རང་མོས་ཚོང་དོན་ཚོད་ལྟའི་ཁུལ་རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་ཕྱོགས་ཡོངས་ནས་སྦྲེལ་མཐུད་བྱས་ཏེ་ཆུ་ཚད་མཐོ་བའི་ལམ་ལུགས་རྣམ་པའི་སྒོ་དབྱེར་སྐུལ་འདེད་གཏོང་བའི་ཚོད་ལྟའི་བྱ་ཐབས་ལད་ཟློས་ཁྱབ་གདལ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》ཚེས་3ཉིན་ཕྱི་ཕྱོགས་ལ་ཁྱབ་བསྒྲགས་བྱས་པ་རེད།

      བརྡ་ཐོ་ལྟར་ན། ད་ཐེངས་ལད་ཟློས་ཁྱབ་གདལ་གཏོང་རྒྱུའི་ཚོད་ལྟའི་བྱ་ཐབས་77ཡོད་པ་དེ་དག་ཞབས་ཞུའི་ཚོང་དོན་དང་། དངོས་ཟོག་ཚོང་དོན། གྲངས་འཛིན་ཚོང་དོན། ཤེས་རིག་བདག་དབང་སྲུང་སྐྱོང་། སྲིད་གཞུང་གི་ཉོ་སྒྲུབ་སྒྱུར་བཅོས། “མཐའ་མཚམས་རྗེས”ཀྱི་དོ་དམ་ལམ་ལུགས་སྒྱུར་བཅོས། ཉེན་ཁ་སྔོན་འགོག་ཚོད་འཛིན་བཅས་ཕྱོགས་7ལ་ཁྱབ་ཡོད་ཅིང་། དེའི་ནང་གྲངས་འཛིན་མི་དམངས་ཤོག་སྒོར་ཚོད་ལྟ་བེད་སྤྱོད་ཀྱི་རྣམ་པ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་སྒྲོལ་ཀུང་སིའི་རྒྱལ་སྒྲོལ་མ་དངུལ་གཅིག་སྡུད་གཉེར་སྐྱོང་དོ་དམ་གྱི་སྲིད་ཇུས་ལེགས་སུ་གཏོང་བ། གྲངས་གཞིའི་རྒྱལ་སྒྲོལ་བཀག་རྒྱའི་གསལ་ཐོ་བཟོ་བ། གློག་རྡུལ་ལེན་ཁྲ་སོགས་གློག་རྡུལ་འཛིན་ཤོག་བེད་སྤྱོད་ལ་སྐུལ་འདེད་གཏོང་བ། ངལ་རྩོལ་འབྲེལ་བ་མཐུན་སྦྱོར་གྱི་ཕྱོགས་གསུམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་བྱ་ཐབས་34རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གཞན་དག་ཏུ་ལད་ཟློས་ཁྱབ་གདལ་གཏོང་རྒྱུ་དང་། གློག་རྡུལ་གཏོང་སྤྲོད་རྒྱལ་སྒྲོལ་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། ཚོང་སྤྱོད་གསང་ཨང་གི་ཞིབ་དཔྱད་ཚད་ལེན་བདེན་དཔང་བྱས་འབྲས་དང་ལེན་བྱེད་པར་སྐུལ་ལྕག གྲངས་གཞི་བདེ་འཇགས་དོ་དམ་བདེན་དཔང་ལམ་ལུགས་ལག་ལེན་བསྟར་བ། སྲིད་དོན་གྲངས་གཞི་སྒོ་དབྱེར་གོ་རིམ་ལྡན་པར་སྐུལ་འདེད་གཏོང་བ། སྲིད་གཞུང་གི་ཉོ་སྒྲུབ་ལས་སྟེགས་ཀྱི་གྲངས་གཞི་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་སོགས་བྱ་ཐབས་43རྒྱལ་ཡོངས་སུ་ལད་ཟློས་ཁྱབ་གདལ་གཏོང་རྒྱུ་རེད།

     བརྡ་ཐོའི་ནང་བསྟན་དོན། 2023ལོའི་ཟླ་11པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་ཕྱོགས་ཡོངས་ནས་སྦྲེལ་མཐུད་བྱས་ཏེ་ཀྲུང་གོའི(ཧྲང་ཧའེ)རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་ཆུ་ཚད་མཐོ་བའི་ལམ་ལུགས་རྣམ་པའི་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུའི་སྤྱིའི་ཇུས་གཞི》བཀྲམ་སྟེ། ཧྲང་ཧའེ་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་ཕྱོགས་ཡོངས་ནས་སྦྲེལ་མཐུད་བྱས་ཏེ། སྔོན་ལ་ཚོད་ལྟ་བྱེད་པར་རྒྱབ་སྐྱོར་བྱས་ནས་རྒྱལ་ཁབ་ཀྱི་ལམ་ལུགས་རྣམ་པའི་སྒོ་དབྱེའི་དཔེ་སྟོན་ཁུལ་བསྐྲུན་པ་རེད། ལོ་གཅིག་ལྷག་ཙམ་ཚོད་ལྟ་བྱས་པ་བརྒྱུད། ཁྲིད་སྟོན་རང་བཞིན་དང་མཚོན་རྟགས་རང་བཞིན་གྱི་ལམ་ལུགས་ཁག་གཅིག་གསར་གཏོད་བྱས་པས། རིན་ཐང་ཅུང་ཆེ་བའི་སྔོན་ཐོན་གྱི་ཉམས་མྱོང་དང་དཔེ་མཚོན་གྱི་གྱོད་དཔེ་ཁག་གཅིག་གྲུབ་ཡོད།

     བརྡ་ཐོའི་ནང་བླང་བྱ་བཏོན་དོན། རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་མཐོར་གཏོང་འཐབ་ཇུས་ལག་ལེན་བསྟར་བ་དང་། ཧྲང་ཧའེ་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་ལམ་ལུགས་རྣམ་པའི་སྒོ་དབྱེ་ཚོད་ལྟའི་ཉམས་མྱོང་བེད་སྤྱོད་ཡག་པོ་བྱེད་པ། ཡུལ་བབ་དང་བསྟུན་ནས་ལད་ཟློས་ཁྱབ་གདལ་ལས་དོན་ཡག་པོ་སྒྲུབ་པ། ཁེ་ལས་དང་མང་ཚོགས་ལ་འཕྲལ་དུ་མཁོ་བའི་ཚོད་ལྟའི་བྱ་ཐབས་ལ་གཙོ་གནད་ཐོག་སྐུལ་འདེད་གཏོང་བ། ཁྱབ་ཁོངས་དེ་བས་ཆེ་སར་ལམ་ལུགས་གསར་གཏོད་ཀྱི་ཁེ་སྤོགས་སྤྲོད་པ་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་སྒོ་དབྱེར་བརྟེན་ནས་གཏིང་ཟབ་པའི་སྒྱུར་བཅོས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།