རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་03ཉིན། 09:43】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་30ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགོད་པ་30ཙམ་སྒྲིག་འཛུགས་བྱས་ཏེ་མཚོ་སྔོན་དུ་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་གནས་ཚུལ་བཅར་འདྲི་བྱེད་པར་བསྐྱོད་ཅིང་། དེའི་ནང་ཨ་རི་དང་། འཇར་མན། སི་ཕེན། རི་པིན། ཨ་རབ་མནའ་འབྲེལ་ཚོ་དཔོན་རྒྱལ་ཁབ་སོགས་རྒྱལ་ཁབ་ཀྱི་སྨྱན་སྦྱོར་གྱི་ཕྱི་རྒྱལ་གསར་འགོད་པ་ཡོད། ཞིང་ཨུད་ཀྱི་རྒྱུན་ཨུ་དང་། རྒྱུན་ལས་ཧྲེང་ཀྲང་གཞོན་པ་ཀྲང་ཅིན་ཀང་གིས་གནས་ཚུལ་ངོ་སྤྲོད་གནང་བ་དང་འབྲེལ་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།
མཚོ་སྔོན་ནི“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”དང“གཙང་གསུམ་ཆུ་འགོ”ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་ཐེངས་གསུམ་གནང་བ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཐེངས་གཉིས་ཞུགས་ཏེ། མཚོ་སྔོན་གྱི“ཆེ་ཤོས་གསུམ”གྱི་ཞིང་བབ་ཀྱི་ངེས་གནས་དང“དེ་བས་གལ་ཆེན་གསུམ”གྱི་འཐབ་ཇུས་གནས་བབ་གཏན་འཁེལ་ཁ་གསལ་གནང་ཡོད། མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་བརྟན་པོ་སྤོས་ཡོད།
ད་ལོ་ནི“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་བཏོན་ནས་ལོ་ངོ་20འཁོར་གྱི་ཡོད། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཡིན་པ་བློ་ལ་བརྟན་པོར་ངེས་ཏེ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་པར་ཤུགས་བརྒྱབ་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་ཆུ་ཚད་མཐོ་པོས་སྲུང་སྐྱོང་དང་སྐུལ་འདེད་བཏང་བ་དང་། ལྗང་མདོག་ཐཱན་ཉུང་གི་ཐོན་ལས་མ་ལག་བཏོད་ནས་ཐོན་ལས་ཀྱི“མཐོ་ས་བཞི”མགྱོགས་མྱུར་བསྐྲུན་ཏེ་ལྗང་མདོག་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བར་བྱས་ཡོད། “རི་སྔོན་ཆུ་དྭངས་ནི་གསེར་དངུལ་རི་ལས་ལྷག་པའི”ཕྱོགས་སྒྱུར་ཐབས་ལམ་གང་མགྱོགས་མངོན་འགྱུར་བྱས་ནས་ཡུལ་བབ་དང་བསྟུན་ཏེ། སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས་བཏང་ནས་མི་དམངས་མང་ཚོགས་ལ་ཕན་པ་ཐོབ་པ་དང་ཡོང་འབབ་རྒྱུན་ཆད་མེད་པར་འཕར་བར་བྱས་པས། མཚོ་སྔོན་འདི་ཉིད་སྐྱེ་ཁམས་བཟང་བ་དང་། སྐྱེ་ཁམས་ཀྱིས་མཐུན་རྐྱེན་སྦྱོར་བ། སྐྱེ་ཁམས་ཀྱིས་དམངས་ཕྱུག་པོ་ཆགས་པ་བཅས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་ཕྱིན་ཡོད།