གསར་བརྗེའི་ཞིབ་སྦྱོང་འགྲེམས་ཁང་གི་གསལ་འགྲེལ་བ་ཧོང་ཧའེ་ཧྥེན་གྱིས་བརྗོད་དོན།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་03ཉིན། 09:41】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
“ཀ་ལ་གྲོང་ཚོ་ནི་དེ་སྔ་རི་མ་ལྡེབས་སུ་གནས་པས། འགྲིམ་འགྲུལ་སྟབས་བདེ་མེད་ལ། འཐུང་ཆུའི་ཐད་ལའང་དཀའ་ངལ་ཡོད། ཏང་གི་སྲིད་ཇུས་བཟང་པོར་བརྟེན་ནས་ཀ་ལ་གྲོང་ཚོ་རི་ལྡེབས་ནས་གཞུང་ལམ་འགྲམ་དུ་སྤོས། ད་ཆ་ཀ་ལ་གྲོང་ཚོ་ནི་རྒྱལ་ལམ་318ཀྱི་འགྲམ་དུ་གནས་ཤིང་གྲོང་ཁུལ་དང་བར་ཐག་སྤྱི་ལེ་12ལས་མེད། ཀ་ལ་གྲོང་ཚོའི་ད་ཆའི་འཕོ་འགྱུར་ནི་ཏང་གི་འགོ་ཁྲིད་འོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བྱུང་བའི་བསྡུས་རིས་ཤིག་རེད”ཅེས་ཀ་ལ་གྲོང་ཚོའི“མཐུན་སྒྲིལ་ལ་བསྟོད་པའི”གསར་བརྗེའི་ཞིབ་སྦྱོང་འགྲེམས་ཁང་ནང་ཧོང་ཧའེ་ཧྥེན་གྱིས་ས་དབྱིབས་བྱེ་གཞོང་ལ་མཛུབ་མོ་འཛུགས་ཀྱིན་ལྟ་སྐོར་བ་ཚོར་འགྲེལ་བཤད་རྒྱག་བཞིན་ཡོད།
ཧོང་ཧའེ་ཧྥེན་དེ་སྔོན་ཀ་ལ་གྲོང་ཚོའི་གྲོང་སྡོད་ལས་བྱེད་པ་ཞིག་ཡིན་ཞིང་། ད་ཆ་ཁོང་ནི་བྲག་ཡིབ་ཆུས་ཨུད་སྤྱི་ཚོགས་ལས་དོན་པུའི་པུའུ་ཀྲང་གཞོན་པ་ཡིན་ལ། གསར་བརྗེའི་ཞིབ་སྦྱོང་འགྲེམས་ཁང་གི་འོས་བླངས་གསལ་འགྲེལ་བའང་ཡིན།
2021ལོའི་ཟླ་4པར། ཀོང་ཏུང་གི་བུ་མོ་ཧོང་ཧའེ་ཧྥེན་ཀ་ལ་གྲོང་ཚོར་གྲོང་སྡོད་བྱས་རྗེས། གྲོང་ཚོའི་འགྲེམས་ཁང་སྒྱུར་བཀོད་ལས་འགན་དང་དུ་བླངས། ཧོང་ཧའེ་ཧྥེན་གྱིས“འགྲེམས་ཁང་འཛུགས་སྐྲུན་བྱེད་པར་ངེས་པར་དུ་གྲོང་ཚོའི་ལོ་རྒྱུས་ཤེས་རྟོགས་བྱེད་དགོས”ཞེས་བརྗོད་ཅིང་། ཀ་ལ་གྲོང་ཚོའི་གནས་ཡུལ་རྙིང་པ་འཚོལ་ཆེད་ཁོང་གིས་ཀྱག་ཀྱོག་གི་རི་ལམ་དུ་ཐེངས་མང་བསྐྱོད་མྱོང་།
གྲོང་ཚོར་བཅའ་སྡོད་བྱེད་རིང་ཧོང་ཧའེ་ཧྥེན་ལ་ཤེས་རྟོགས་བྱུང་བར། ཁམ་བུའི་མེ་ཏོག་དུས་ཆེན་དར་སྲོལ་ཆེན་པོ་བྱུང་བ་དེ་ཀོང་ཏུང་གི་རོགས་སྐྱོར་ལས་བྱེད་པ་སུན་ཧྲེ་ཧུང་དང་ཁ་འབྲལ་ཐབས་མེད་ཅིང་། ཁོང་གིས་རུ་སྣེ་ཁྲིད་ནས་བརྟག་ཞིབ་ཐེངས་མང་བྱས་ཏེ“ཐོན་ཁུངས་བསྡུ་སྒྲིལ་བྱེད་པ་དང་། གྲོང་ཚོའི་རྣམ་པ་མཉམ་འདྲེས་བྱེད་པ། གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བ”བཅས་ཀྱི་འཕེལ་རྒྱས་ཀྱི་བསམ་ཕྱོགས་བཏོན་ཡོད། ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་དང་བོད་སྐྱོར་ལས་བྱེད་པས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། ཀ་ལ་གྲོང་ཚོར་ཨར་འདམ་ལམ་བཏིང་བ་དང་ཡུལ་སྐོར་སྣེ་ལེན་ལྟེ་གནས་དང་རླངས་འཁོར་འཇོག་ས་བསྐྲུན་པས་ཁམ་བུའི་མེ་ཏོག་དུས་ཆེན་གྱི་ཡུལ་སྐོར་ཐོན་ལས་རྒྱུན་ཆད་མེད་པར་རིམ་སྤོར་བྱུང་ཡོད།
“མ་གཞི་རང་ཉིད་ཀ་ལ་གྲོང་ཚོ་ནས་ཁ་བྲལ་མོད། འོན་ཀྱང་ངས་དེ་གའི་འཕེལ་རྒྱས་ཀྱི་གནས་ཚུལ་ལ་སྔ་ཕྱི་བར་གསུམ་དུ་དོ་ཁུར་བྱེད་ཀྱི་ཡོད། སླད་ཕྱིན་ངས་མུ་མཐུད་འབད་བརྩོན་བྱས་ཏེ། ལང་ཚོའི་སྟོབས་ཤུགས་གངས་ལྗོངས་ས་མཐོར་ཕུལ་ནས་དར་རྒྱས་བརྟན་ལྷིང་ལྡན་པའི་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་ཧོང་ཧའེ་ཧྥེན་གྱིས་བརྗོད།