འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་3ཉིན།

༄༅།།མཚོ་སྔོན་ཡུལ་ཤུལ་གྱི་གློག་དྲ་ཆུང་གྲས་ལྔའི་ལས་གྲྭ་དངོས་སུ་ལས་མཇུག་འགྲིལ་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་03ཉིན། 09:40】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་6ཚེས་30ཉིན་གྱི་ཆུ་ཚོད་12ཙམ་ལ། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཆུ་དམར་ལེབ་རྫོང་ཆུ་དམར་ལེབ་ཤང་དང་། རྨ་སྟོད་ཤང། རྫ་སྟོད་རྫོང་སྨུག་གཞུང་ཤང་། ཁྲ་འདམ་ཤང་། འབྲི་སྟོད་རྫོང་ཟོ་སྐྱ་ཤང་བཅས་ཀྱི་གློག་དྲ་ཆུང་གྲས་ལྔའི་ལས་གྲྭ་དངོས་སུ་ལས་མཇུག་འགྲིལ་བ་རེད། རྣམ་གྲངས་འཁོར་སྐྱོད་བྱེད་འགོ་ཚུགས་རྗེས་ས་གནས་དེ་གའི་ཞིང་འབྲོག་དུད་ཚང་981ལ་གློག་ཤུགས་བརྟན་པོ་མཁོ་འདོན་ཐུབ་ནས་ཡུལ་ཤུལ་གྱི་ཐག་རིང་ལུང་ཁུག་གྲོང་གསེབ་ཀྱི་གློག་སྤྱོད་དཀའ་གནད་སྔར་བས་ཐག་གཅོད་ཐུབ་པ་མཚོན་པ་རེད།

     རྣམ་གྲངས་དེ་2024ལོར་འགོ་ཚུགས་ཤིང་། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་1.386བཏང་བ་དང་། འོད་ཤུགས་གློག་འདོན་ས་ཚིགས་སྒྲིག་སྦྱོར་འཕྲུལ་འཁོར་ཀྲའོ་ཝ་13གསར་དུ་བསྐྲུན་པ། ཆུ་ཚོད་ཀྲའོ་ཝ་51གི་ནུས་གསོག་མ་ལག་ལྷན་སྦྱར་བྱས་ཡོད། རྣམ་གྲངས་སྐྲུན་འགོ་ཚུགས་པ་ནས་བཟུང་ཡུལ་ཤུལ་ཀྲོའུ་འཕེལ་སྒྱུར་ཨུ་ལྷན་དང་མཚོ་སྔོན་ཏེ་ཁུན་གློག་ཤུགས་ཚོགས་པ་ཚད་ཡོད་ཀུང་སིས། གྲང་ངར་ཆེ་བ་དང་ས་བབ་མཐོ་བ་སོགས་ཀྱི་ཁོར་ཡུག་ངན་པར་མི་འཛེམ་པར་རྣམ་གྲངས་དོ་དམ་ཆེད་བསྐོས་ཚན་ཁག་བཙུགས་ནས་ཆེད་ལས་ཨར་སྐྲུན་དང་དོ་དམ་པ་མི་ཐེངས་645དང་ཨར་ལས་འཕྲུལ་འཁོར་ཐེངས་75བཏང་བ་མ་ཟད། ས་ཆ་ལྔ་པོར་སྨན་བཅོས་འགན་ལེན་ས་ཚིགས་བཙུགས་ནས། ཉིན་ལྟར་ཨར་པོ་བར་ཁྲག་ཤེད་དང་གསོ་རླུང་འདུས་ཚད་འཇལ་བ་དང་། དབྱང་གཅིག་ཐཱན་འགྱུར་རྫས་ཀྱི་ཉེན་བརྡ་གཏོང་ཆས་སོགས་བདེ་འཇགས་སྒྲིག་ཆས་སྒྲིག་སྦྱོར་བྱས་ནས། ཨར་ལས་ཀྱི་བདེ་འཇགས་དང་སྤུས་ཚད་གཉིས་ཀར་ཚོད་འཛིན་ཐུབ་ཡོད།

    ཡུལ་ཤུལ་ཀྲོའུ་ཡི་གློག་དྲ་ཆུང་གྲས་ལྔའི་ལས་གྲྭ་དེ་ས་བབ་མཐོ་བའི་ས་ཁུལ་གྱི་ནུས་རྒྱུ་གསར་པ་བཀོལ་སྤྱོད་ཀྱི་གསར་གཏོད་ལག་ལེན་ཞིག་ཡིན་པའི་ངོས་ནས། ས་གནས་དེ་གའི་འབྲོག་ལས་ཐོན་སྐྱེད་དང་སྨན་བཅོས་སློབ་གསོ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་གློག་ཤུགས་འགན་ལེན་རིམ་སྤོར་ལ་སྐུལ་འདེད་ཐུབ་སྟེ། ཡུལ་ཤུལ་ཀྲོའུ་ཡི་གྲོང་གསེབ་དར་རྒྱས་ལ་ལྗང་མདོག་གི་སྒུལ་ཤུགས་བསྣན་རྒྱུ་རེད།