འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་2ཉིན།

༄༅།།དད་སེམས་དང་ཡིད་ཆེས་བརྟན་དུ་བཏང་ནས་བསྐྱར་དར་གྱི་རྒྱང་ལམ་དུ་གོམ་ཞེང་ཆེན་པོས་སྐྱོད་དགོས།

—— ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་104འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་02ཉིན། 09:46】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     དུས་ཚོད་ལས་ངོ་མཚར་མངོན་པ་དང་། འབད་འཐབ་ཀྱིས་ལོ་རྒྱུས་གསར་དུ་བཏོད། དེ་རིང་ང་ཚོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་104འཁོར་བར་བསུ་བ་ཞུ་རྒྱུ་ཡིན།

     ལས་དར་ལམ་ནས་བསྐྱར་དར་ལམ་བར་དང་། གྲུ་དམར་ཆུང་ཆུང་ནས་བརྗིད་ཆེ་བའི་གྲུ་གཟིངས་ཆེན་པོའི་བར། ཆར་རླུང་ཁྲོད་དཀའ་ངལ་དུ་མ་ཁྱད་དུ་བསད་མྱོང་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་ཞིག་གིས་ཐོག་མའི་བསམ་འདུན་དང་ཡིད་ཆེས་བརྟན་པོར་བརྟེན་ནས། མི་དམངས་དུང་ཕྱུར་མང་པོའི་སྣེ་ཁྲིད་དེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་དམིགས་ཚད་ཕྱོགས་སུ་འབད་འབུངས་མདུན་སྐྱོད་ཀྱིས་མི་སེམས་འགུལ་བའི་དུས་རབས་ཀྱི་ལེའུ་གསར་པ་བརྩམས་ཡོད།

    ལེའུ་གསར་པ་འདིའི་ནང་ཉེན་ཁ་སེལ་བ་དང་། དཀའ་གནད་ལས་སྒྲོལ་བ། དུས་འགྱུར་ལ་ཁ་གཏད་གཅོག་པ་བཅས་ཀྱི་བག་ཕེབས་དང་བློ་སྟོབས་མངོན་ཡོད། འགྱུར་ལྡོག་གཏིང་ཟབ་བྱུང་བའི་ནང་ཁུལ་ཆ་རྐྱེན་གྱི་མདུན་དུ། ང་ཚོས་ཕྱོགས་བསྡུས་ཇུས་འདོན་བྱེད་རིང་གོ་སྐབས་གསར་གཏོད་དང་རང་འགུལ་ཐོབ་པར་བྱས་ཡོད། རྙོག་འཛིང་ཆེ་བའི་ཕྱི་རོལ་ཁོར་ཡུག་གི་མདུན་དུ། ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཏན་འཁེལ་རང་བཞིན་ལ་བརྟེན་ནས་གཏན་འཁེལ་མེད་པའི་རང་བཞིན་སྣ་ཚོགས་ལ་ཁ་གཏད་བཅག་ཡོད།

    ལེའུ་གསར་པ་འདིའི་ནང་དཀའ་ངལ་གང་ཞིག་ལ་མི་སྐྲག་པའི་ཡིད་ཆེས་དང་གདིང་ཤུགས་མངོན་ཡོད། ཏང་དང་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་མཉམ་དུ་གནས་པ་དང་། མཉམ་དུ་བསམ་བློ་གཏོང་བ། མཉམ་དུ་ལས་དོན་སྒྲུབ་པ་བཅས་བྱས་ཚེ། ཉེན་ཁ་དང་དཀའ་ངལ་གང་ཞིག་འཕྲད་རུང་ང་ཚོས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པའི་བློ་སྟོབས་བརྟན་པོར་གཡོ་འགུལ་གཏོང་མི་ཐུབ་ལ། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གོམ་སྟབས་བརྟན་པོའང་འགོག་མི་ཐུབ།

     ལག་ལེན་ནི་ཞིབ་བཤེར་བྱ་ཐབས་ཡག་ཤོས་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོས་དད་སེམས་དང་ཡིད་ཆེས་བརྟན་གཏོང་ལ་གཡོ་འགུལ་མི་གཏོང་བར་འགལ་བ་དང་གནད་དོན་ལ་མི་གཡོལ་བ་དང་། ཉེན་ཁ་དང་འགྲན་སློང་ཐུག་སྐབས་ཕྱིར་བཤོལ་མ་བྱས་ཚེ། སྒྱུར་བཅོས་འཕེལ་རྒྱས་ཀྱི་གནམ་ས་གསར་པ་གཏོད་ཐུབ་ངེས་ཡིན”ཞེས་གསུངས་ཡོད།

      ཡོ་ལང་ཆེ་བའི་འཛམ་གླིང་གི་མདུན་དུ་ཕྱི་རྒྱལ་གྱི་སྲིད་ཕྱོགས་མི་སྣ་གལ་ཆེན་ཞིག་གིས“ཀྲུང་གོ་ལས་བྱུང་བ་བརྟན་ལྷིང་རང་བཞིན་ཡིན་ལ། འབྱུང་འགྱུར་ཡུན་རིང་གི་རེ་བ་དེ་བས་ཡིན་པའི”ངོས་འཛིན་བྱེད་ཀྱི་ཡོད། “ཀྲུང་གོ་ནས་འབྱུང་འགྱུར་དང་ཡིད་ཆེས་མཐོང་བ”དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་ལ་ཉིན་རེ་བཞིན་གྱུར་ཡོད།

     དེ་རིང་། ལོ་རྒྱུས་ལ་ཕྱིར་ལྟ་བྱེད་སྐབས། ཀྲུང་གོའི་རྣམ་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རྣམ་པ། ཀྲུང་གོའི་མི་དམངས་ཀྱི་རྣམ་པ། ཀྲུང་གོ་གུང་ཁྲན་ཏང་གི་རྣམ་པ་བཅས་ལ་སྔར་བྱུང་མ་མྱོང་བའི་འགྱུར་ལྡོག་བྱུང་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། “ལོ་ལྔ་ཚན་བཅུ་བཞི་པའི”མཐའ་མའི་རྒྱལ་ཁ་ལེན་པ་དང་གོམ་ཞེང་ཆེན་པོས་རྒྱང་ལམ་གསར་པར་སྐྱོད་བཞིན་ཡོད་པས། ང་ཚོར་ཡུན་རིང་འཕེལ་རྒྱས་བརྟན་པོ་གཏོང་བ་དང་བསྐྱར་དར་རླབས་པོ་ཆེའི་ཕྱོགས་སུ་སྐྱོད་པའི་གདེང་ཚོད་ཡོད་ལ། ནུས་པ་དེ་བས་ཡོད།

      ཏང་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་རྔམ་བརྗིད་ལྡན་པའི་དུས་སྐབས་དང་། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་ཡོད་པ་དང་ང་ཚོའི་མདུན་སྐྱོད་ཀྱི་ལམ་བུར་ད་དུང་ཉེན་ཁ་དང་འགྲན་སློང་མང་པོ་འཕྲད་པའི་སྐབས་འདིར། དེ་བས་ཀྱང་ཐོག་མའི་བསམ་འདུན་བརྟན་དུ་གཏོང་བ་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས་ཏང་གི་འབད་འཐབ་ལོ་རྒྱུས་དང་ཀྲུང་གོ་གུང་ཁྲན་ཏང་གི་སྙིང་སྟོབས་མ་ལག་ཁྲོད་ནས་རྫོགས་མཐའ་མེད་པའི་སྟོབས་ཤུགས་བསྡུ་ལེན་བྱེད་པ་དང་། སྤྱོད་ཚུལ་བཟང་པོར་བརྟེན་ནས་སེམས་ནུས་གཅིག་སྒྲིལ་དང་ལས་སྒྲུབ་ལས་གཏོད་བྱས་ཏེ། དཔའ་ངར་ཆེར་སྐྱེད་ཀྱིས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་ཡག་པོ་སྐྱོད་དགོས།

     ཕུགས་བསམ་དང་དད་སེམས་ནི་ཏང་འཛུགས་ཏང་དར་གྱི་རྨང་གཞི་ཡིན་ལ། ཏང་ཡོན་ལས་བྱེད་པའི་ལུས་སེམས་ཆགས་རྟེན་གྱི་རྩ་བ་ཡང་རེད། “གསར་བརྗེའི་ཕུགས་བསམ་དགུང་ལས་མཐོ་བའི”དམར་དམག་གི་དཔོན་དམག་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་གཏོང་མཁན་ཚན་རྩལ་ལས་དོན་པ་དང་། དེ་ནས“ཏང་ཐུགས་བློ་བདེ་པོ་གནང་རོགས། རྒྱལ་སྟོབས་འཕེལ་བར་ང་ཡིས་འབད་པའི”དུས་རབས་གསར་པའི་གཞོན་ནུའི་བར། ཕུགས་བསམ་དད་སེམས་བརྟན་པོ་དང་བདེན་དོན་དོན་གཉེར་བྱེད་པ་ནི་ང་ཚོ་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་བའི་ཐབས་མཆོག་རེད།

     རྒྱང་ལམ་གསར་པར། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དེ་ཚེ་གང་གི་བརྗོད་གཞིར་བརྩིས་ནས། དུས་རབས་དང་ཆ་རྐྱེན་ལ་འགྱུར་ལྡོག་ཇི་ལྟར་བྱུང་ཡང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བློ་བརྟན་འགྱུར་མེད་ཀྱི་དད་མོས་པ་དང་ལྷག་བསམ་རྣམ་དག་གི་ལག་ལེན་པ་ཞིག་རང་རྟོགས་ངང་བྱས་ཏེ། མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བའི་ཁྱིམ་ཞེན་རྒྱལ་ཞེན་གྱི་བརྩེ་སེམས་དང་། བླ་ན་མེད་པའི་བསམ་བློའི་གོ་རྟོགས་དོན་གཉེར། འགན་འཁྲི་འཁུར་བའི་འཇོན་ཐང་ཆེ་རུ་གཏོང་བ། ངལ་བ་དང་ལེན། དཀའ་བར་མི་འཛེམ་པར་མདུན་སྐྱོད། འཐབ་རྩོད་ཕོད་པ་བཅས་བྱས་ཚེ། གཞི་ནས་བསྲེགས་བཅད་བརྡར་གསུམ་གྱི་ཉམས་སད་ཐེག་ནས། ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་དངོས་ཡོད་གྲུབ་འབྲས་གཏོད་ཐུབ།

     ཏང་གི་རྩ་བ་དང་། ཁྲག་རྒྱུན། སྟོབས་ཤུགས་བཅས་མི་དམངས་ལ་ཐུག་ཡོད། ད་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུ་བའི་ལོ་ཡིན་པས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་ནས། འཕེལ་རྒྱས་གཏོང་རིང་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བ་དང་དམངས་འཚོའི་འགན་སྲུང་དྲ་རྒྱ་དམ་དུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་སོགས་ཀྱི་བར། “མི་དམངས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་པ་ནི་དོན་ཆེན་ཨང་དང་པོ་ཡིན་པ”རྒྱུན་འཁྱོངས་བྱས་ཏེ། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་བྱ་སྤྱོད་དངོས་ཀྱི་ཐོག་ནས་དམངས་ཀྱི་ཡིད་ཆེས་ཐོབ་པ་དང་དམངས་ལ་ཕན་བདེ་སྐྲུན་བཞིན་ཡོད།

    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་དུང་ཕྱུར་མང་པོ་རང་ཉིད་ཀྱི་བྱ་གཞག་ཡིན་ལ། ཉེན་ཁ་དང་འགྲན་སློང་གིས་ཁེངས་པ་དང་དཀའ་སྤྱད་འབད་བརྩོན་བྱེད་དགོས་པའི་བྱ་གཞག་རླབས་པོ་ཆེ་ཞིག་ཀྱང་རེད། མི་དམངས་རིན་ཐང་གི་དམིགས་ཚད་ལ་བརྩིས་ནས“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་པ་དང་། མི་དམངས་ཀྱི་བསམ་བློ་གཏོང་སར་བསམ་བློ་གཏོང་བ། མི་དམངས་ཀྱི་མངག་བཅོལ་ཡག་པོ་སྒྲུབ་པ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་སེམས་རྩ་འཁོལ་པོས་ཐག་གཅོད་བྱེད་པ། དེང་རབས་ཅན་གྱི་འཛུགས་སྐྲུན་གྲུབ་འབྲས་ལས་མི་དམངས་ཡོངས་ལ་ཕན་པ་དེ་བས་མང་བ་ཐོབ་པ་བཅས་བྱས་ཚེ། སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་དང་ཕྱར་བ་གྲུ་འདེགས་ངང་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གཏོད་ཐུབ་ངེས་རེད།

      ཡུན་རིང་གནས་པའི“ཚོད་བགམ་ཆེན་པོ་བཞི”དང“ཉེན་ཁ་རིགས་བཞིའི”མདུན་དུ“ནམ་ཡང་ལམ་དུ་ཡོད་པའི”བློ་བརྟན་འགྱུར་མེད་ཀྱི་སྙིང་རུས་ལ་བརྟེན་ནས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། “གསར་བརྗེ་བས་ངེས་པར་དུ་སྔོན་ལ་རང་ངོས་གསར་བརྗེ་བྱེད་པའི”བློ་སྟོབས་བརྟན་པོར་བརྟེན་ནས་རང་ངོས་གསར་བརྗེ་བྱས་ཚེ། གཞི་ནས་ཞུམ་མེད་སྟོབས་ལྡན་གྱི་ཏང་ཞིག་འཛུགས་སྐྱོང་ཐུབ་སྟེ་ཏང་འདི་ཉིད་ཀྲུང་གོ་མི་དམངས་ཀྱི་བློས་འཁེལ་ཤོས་དང་བརྟན་ཤོས་ཀྱི་སྲོག་ཤིང་ལ་འགྱུར་ཐུབ། ང་ཚོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བའི་སློབ་སྦྱོང་སློབ་གསོ་སྤེལ་བ་གོ་སྐབས་སུ་བཟུང་ནས། སློབ་སྦྱོང་དང་། འདོན་བཤེར། བཅོས་སྒྲིག་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བར་ཤུགས་བརྒྱབ་སྟེ། སྤྱོད་ཚུལ་ལེགས་སུ་གཏོང་བའི་གྲུབ་འབྲས་དངོས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་རྒྱབ་སྐྱོར་དང་བརྩི་བཀུར་ཐོབ་པར་བྱེད་དགོས།

      ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། རྒྱང་ལམ་གསར་པར་དེ་བས་ཕུལ་དུ་བྱུང་བའི་རྒྱུགས་ལན་གསར་པ་འབུལ་དགོས། (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་30ཉིན་འབྱོར་བའི་གློག་འཕྲིན)