གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་02ཉིན། 09:42】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་ལས་གྲྭའི་མཇུག་ཤོས་ཀྱི་ཡན་ལག་རྣམ་གྲངས་ཏེ། བྱང་རྒྱུད་མ་ཡུར་གྱི་དུས་ཐེངས་དང་པོའི་ལས་གྲྭ་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས་པ་དང་། དེ་ཐོག་ནས་མཚོ་སྔོན་གྱི་འབབ་རྒྱུད་བརྒལ་བའི་ཆུ་འདྲེན་ལས་གྲྭ་ཆེ་ཤོས་ཏེ། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་ལས་གྲྭ་ཕྱོགས་ཡོངས་ནས་ལས་མཇུག་འགྲིལ་ཏེ་ཞིབ་བཤེར་རྩིས་ལེན་བྱས་པ་དང་འབྲེལ་སྤྱོད་འགོ་ཚུགས་པ་མཚོན་གྱི་ཡོད།
འཇུ་ལག་ཆུ་བོ་ཙོང་ཆུ་འདྲེན་པའི་ལས་གྲྭ་ནི་འཇུ་ལག་ཆུ་བོ་གསེར་ཆེན་རི་བོ་བརྒྱུད་ཙོང་ཆུའི་འབབ་རྒྱུད་དུ་དྲངས་ནས་ལྷོ་བྱང་གཉིས་སུ་འཇུ་ལག་ཆུ་བོ་དང་ཙོང་ཆུའི་འབབ་རྒྱུད་ཆེན་པོ་གཉིས་སྦྲེལ་བ་དང་། ཤར་ནུབ་ཏུ་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱི་ཆུ་རྒྱུན་དང་འདྲེས་ཡོད་པས། མཚོ་སྔོན་གྱི་འཛུགས་སྐྲུན་གཞི་ཁྱོན་ཆེ་ཤོས་དང་ཕྱོགས་བསྡུས་ཕན་འབྲས་ཆེ་ཤོས་ཀྱི་འཐབ་ཇུས་རང་བཞིན་གྱི་ཆུ་འདྲེན་ལས་གྲྭ་ཞིག་རེད། ལས་གྲྭར་བསྡོམས་མ་དངུལ་སྒོར་དུང་ཕྱུར་146.34བཏང་ནས་རྡོ་ལུང་ཆུ་མཛོད་དང་། ཆུ་འདྲེན་སྤྱིའི་མ་ཡུར། ཧེ་ཆོན་ཆུ་མཛོད། བྱང་རྒྱུད་མ་ཡུར་གྱི་དུས་ཐེངས་དང་པོ། བྱང་རྒྱུད་མ་ཡུར་གྱི་དུས་ཐེངས་གཉིས་པ། ནུབ་རྒྱུད་མ་ཡུར་ལས་གྲྭ་བཅས་ཡན་ལག་རྣམ་གྲངས་དྲུག་ལས་གྲུབ་པ་དང་། དེའི་ལས་འགན་གཙོ་བོ་ནི་ཙོང་ཆུའི་འབབ་རྒྱུད་ལ་ཆུ་མཁོ་འདོན་བྱེད་པ་དེ་ཡིན་ལ། ལས་གྲྭའི་ལོ་རེའི་ཆུ་མཁོ་འདོན་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་5.26དང་སྤྱིའི་ཚོད་འཛིན་ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི་100.49ཟིན་གྱི་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་ལས་གྲྭའི་ཆུ་མཁོ་འདོན་བྱེད་ཚད་ཀྱིས་མཚོ་སྔོན་ཤར་རྒྱུད་གྲོང་ཁྱེར་ཚོམ་བུའི་ཆུ་འདུ་ཁུལ་གྱི་ཆུ་སྤྱོད་ཚད་བསྡོམས་འབོར་གྱི་70%བཟུང་ནས་མི་འབོར་ཁྲི་300ལྷག་ཙམ་ལ་ཕན་པ་ཐོབ་པ་དང་། ཙོང་ཆུའི་བྱང་ངོགས་ཀྱི་སྐམ་ཞིང་མུའུ་ཁྲི་100ཆུ་ཞིང་དུ་གྱུར་ནས་ས་གནས་དེ་གའི་གནམ་ཆུར་བརྟེན་པའི་ལོ་རྒྱུས་ལ་འགྱུར་ལྡོག་གཏོང་རྒྱུ་རེད། ལས་གྲྭས་ཆུ་ཁུངས་སྤུས་ལེགས་ལ་བརྟེན་ནས་ཟི་ལིང་གྲོང་ཁྱེར་གྱི་ཉིན་རེའི་ཆ་སྙོམས་ཏུན་ཁྲི་50ཟིན་པའི་གྲོང་ཁྱེར་གྱི་འཚོ་བའི་ཆུ་མཁོ་འདོན་གྱི་ལས་འགན་འཁུར་རྒྱུ་དང་ཆབས་ཅིག ཙོང་ཆུའི་འབབ་རྒྱུད་ཀྱི་དུང་ཕྱུར་སྟོང་རིམ་པའི་ཐོན་ལས་ཁྱུ་ཚོགས་གཉིས་ཀྱི་ཆུ་སྤྱོད་དགོས་མཁོ་བསྐངས་ཏེ། མཚོ་སྔོན་གྱིས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི“ས་གནས་བཞི”འཛུགས་སྐྲུན་བྱེད་པར་ཆུའི་ཐོན་ཁུངས་ཀྱིས་འདེགས་སྐྱོར་བྱེད་རྒྱུ་རེད།