གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་01ཉིན། 10:15】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར། ནོར་སྲིད་པུའུ་དང་། སྤྱི་བདེ་པུའུ། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་བཅས་ཀྱིས་མཉམ་དུ་2025ལོའི་སྲིད་གཞུང་གི་ཉོ་སྒྲུབ་ཁྱབ་ཁོངས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཁག་བཞིར་ཆེད་དོན་བཅོས་སྒྲིག་བྱ་རྒྱུ་ཡིན་ཞིང་། ཆེད་དོན་བཅོས་སྒྲིག་ལས་དོན་དེ་2025ལོའི་ཟླ་དྲུག་པར་འགོ་བཙུགས་པ་དང་2026ལོའི་ཟླ་དང་པོའི་ཟླ་མཇུག་ཏུ་མཇུག་སྒྲིལ་རྒྱུ་རེད།
སྡེ་ཚན་གསུམ་གྱིས་མཉམ་དུ་སྤེལ་བའི་བརྡ་ཐོའི་ནང་ཁ་གསལ་བསྟན་དོན། མིག་སྔའི་སྲིད་གཞུང་གི་ཉོ་སྒྲུབ་ཁྱབ་ཁོངས་ཁྲོད་ཉོ་སྒྲུབ་བྱེད་མིས་ཧེ་བག་དང་མཐོང་ཆུང་གི་དོན་ཚན་བཟོས་པ་དང་། ལས་ཚབ་སྒྲིག་གཞིས་གྲོན་དངུལ་གང་བྱུང་བསྡུ་བ། མཁོ་སྤྲོད་ཚོང་པས་དཔྱད་གཞི་རྫུན་མ་འདོན་པ། མཁོ་སྤྲོད་ཚོང་པས་ཁྱུ་མཐུན་འོས་དཔོད་དང་ཁ་མཐུན་འོས་ཐོན་བྱེད་པ་བཅས་བསམ་འཆར་ཆེ་བའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཁག་བཞིར་དམིགས་ཏེ་ཆེད་དོན་བཅོས་སྒྲིག་བྱ་རྒྱུ་ཡིན་པ་རེད།
བཅོས་སྒྲིག་བྱེད་པའི་ནང་དོན་གཙོ་བོ་ནི། ཉོ་སྒྲུབ་བྱེད་མིས་ས་གནས་དེ་གའི་ཁེ་ལས་ལ་ལྟ་རྟོག་བྱས་ཏེ། ཆེད་དམིགས་ཀྱི་མཁོ་སྤྲོད་ཚོང་པ་དང་ཆེད་དམིགས་ཀྱི་ཐོན་རྫས་ལ་ཕྱོགས་ནས། མཁོ་སྤྲོད་ཚོང་པའི་ཐོ་འགོད་བྱ་ཡུལ་དང་། དབང་བའི་ལམ་ལུགས་ཀྱི་རྣམ་པ། རྩ་འཛུགས་ཀྱི་རྣམ་པ། རྐང་དབང་གི་གྲུབ་ཆ། མ་འཇོག་བྱེད་མཁན་གྱི་རྒྱལ་ཁོངས། གཉེར་སྐྱོང་ལོ་ཚད། གཉེར་སྐྱོང་གི་གཞི་ཁྱོན། ནོར་དོན་དམིགས་ཚད་སོགས་ལུགས་དང་མི་མཐུན་པའི་ཆ་རྐྱེན་ལ་བརྟེན་ནས། མཁོ་སྤྲོད་ཚོང་པར་ཧེ་བག་གཏོང་བ་དང་མཐོང་ཆུང་བྱེད་པ་སོགས་ལྟ་ཕྱོགས་མི་འདྲ་བ་འཛིན་པ་དང་། ལས་ཚབ་སྒྲིག་གཞིས་སྒྲིག་སྲོལ་ལས་འགལ་ཏེ་གྲོན་དངུལ་བསྡུ་བ་དང་ཁག་ཐེག་དངུལ་ནར་འགྱངས་བྱེད་པ། མཁོ་སྤྲོད་ཚོང་པས་ཞིབ་དཔྱད་སྙན་ཞུ་དང་། ཁས་ལེན་དཔང་འདོན་ལག་ཁྱེར། གན་རྒྱ་དང་ལས་རྗེས། ཁེ་ལས་འབྲིང་ཆུང་གི་གསལ་བསྒྲགས་ཡི་གེ་སོགས་དཔྱད་གཞི་རྫུན་མ་བཏོན་ཏེ་འོས་ཐོབ་རག་ཐབས་བྱེད་པ། མཁོ་སྤྲོད་ཚོང་པས་འོས་སྤྲོད་ཡིག་ཆ་བསྲེས་ཏེ་བླུགས་ནས་ངོ་མ་དང་གཅིག་འདྲར་བཟོས་པ། འོས་སྤྲོད་ཁག་ཐེག་དངུལ་རྩིས་ཁྲ་གཅིག་ནས་བསྒྱུར་བ་དང་། ཚན་པའམ་མི་སྒེར་གཅིག་པར་འོས་སྤྲོད་ཡིག་ཆ་སྒྲིག་བཟོ་དང་འོས་སྤྲོད་ལས་དོན་སྒྲུབ་རྒྱུ་མངགས་པ་སོགས་བསམ་ངན་ཁོག་བཅངས་ཀྱིས་ངན་པ་ལག་སྦྲེལ་བྱེད་པ་བཅས་ཡིན་པ་རེད།