འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་1ཉིན།

ཡུལ་དེ་གའི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་བྱེད་པ།

༄༅།།མཚོ་སྔོན་གྱིས་ལྗང་མདོག་རྩིས་གློག་མཉམ་སྒྲུབ་འཕེལ་རྒྱས་ཀྱི་འགྲན་ལམ་གསར་པ་བཏོད་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཧོ་ཡུང་། ཆའོ་ཏུང་།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་01ཉིན། 10:11】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     རྩིས་ནུས་ཐོན་ལས་འཕེལ་རྒྱས་གཏོང་བར་མཚོ་སྔོན་ལ་ལྗང་མདོག་གློག་ཤུགས་ཀྱི་སྔོན་སྤེལ་ལེགས་ཆ་ལྡན་ཡོད་ལ། ཁོར་ཡུག་གི་ལྷན་སྐྱེས་ལེགས་ཆ་ཡང་ལྡན་ཡོད། ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་3.9ཡིན་པའི“རང་བྱུང་གྲང་ཁུངས”ཀྱིས་གྲངས་གཞིའི་ལྟེ་གནས་ཀྱི་གྲང་བཟོའི་ནུས་ཟད་40%དང་། རྩིས་ནུས་མ་འཇོག་གི་མ་གནས་20% གཉེར་སྐྱོང་མ་གནས་30%བཅས་ཉུང་དུ་གཏོང་ཐུབ་ཀྱི་ཡོད།

     2024ལོའི་ཟླ་6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས“མཚོ་སྔོན་གྱིས་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་གི་འགན་འཁྲི་ཆེན་པོ་ཁུར་ཡོད་པས། ཐོན་ལས་འཕེལ་རྒྱས་གཏོང་བར་ངེས་པར་དུ་གནད་ཆེ་དམ་འཛིན་དང་གནད་མེད་ཟུར་འཇོག་མཐའ་འཁྱོངས་བྱས་ཏེ། ཡུལ་དེ་གའི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་ཧུར་ཐག་བྱེད་དགོས”ཞེས་གསུངས་ཡོད།

     ས་མཐོའི་ནུས་རྒྱུའི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ནས་མཚོ་སྔོན་གྱིས་ལྗང་མདོག་རྩིས་ནུས་ཐོན་ལས་རྟེན་གཞི་ཧུར་ཐག་བསྐྲུན་པ་དང་། ལྗང་མདོག་གློག་ཤུགས་ལྗང་མདོག་རྩིས་ནུས་ཕྱོགས་སུ་སྒྱུར་བར་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། ལྗང་མདོག་རྩིས་གློག་མཉམ་སྒྲུབ་འཕེལ་རྒྱས་ཀྱི་འགྲན་ལམ་གསར་པ་བཏོད་ཡོད།

     ལྗང་མདོག་རྩིས་ནུས་ལ་བརྟེན་ནས་གསར་གཏོད་ཀྱི་བར་མཐོངས་གསར་པ་རྒྱ་སྐྱེད་བཏང་ཞིང་། མཚོ་སྔོན་ཞིང་ཆེན་གྲངས་གཞི་ཅུས་ཀྱི་ཅུས་ཀྲང་ཅིན་ལི་ཡིས་ངོ་སྤྲོད་བྱས་དོན། མཚོ་སྔོན་གྱིས་ལྗང་མདོག་རྩིས་ནུས་ཀྱི་ས་གནས་ཀྱི་ཚད་གཞི་ཁག་5ཡོངས་བསྒྲགས་བྱས་ནས《མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་ནུས་རྟེན་གཞི་འཛུགས་སྐྲུན་ཇུས་གཞི》དང《ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཚོ་སྔོན་ཞིང་ཆེན་གྱི་བྱ་ཐབས་འགའ་ཞིག》སོགས་ཀྱི་སྲིད་ཇུས་བཏོན་ཡོད། དེ་དང་ཆབས་ཅིག མཚོ་སྔོན་གྱིས་འབེལ་འདུ་དང་ཨ་ལི་པ་པ་སོགས་དྲ་སྦྲེལ་ཁེ་ལས་དང་མཉམ་ལས་བྱས་ནས་འབེལ་འདུ་ཟུར་མཆན་ལྟེ་གནས་དང་། ཅིན་ཧྲན་རིག་རྩིས་ལྟེ་གནས། ཅིང་ཏུང་རིག་རྩིས་སྒེར་སྤྱོད་སྡོམ་རྩིས། ཤིན་ཧྭ་སན་ཐུ་ལིང་གྲོང་རྡལ་ཆུང་ངུ་སོགས་ཀྱི་རྣམ་གྲངས་རིམ་བཞིན་དོན་འཁྱོལ་བྱུང་བས། རིག་རྩིས་དང་། འདས་རྩིས། དཔེ་དབྱིབས་ཆེ་མོ་སོགས་ཀྱི་ལས་རྣམ་གསར་པ་གྲུབ་ཡོད། མིག་སྔར། ཟི་ལིང་གི་ལྗང་གློག་རིག་རྩིས་མཉམ་འདྲེས་དཔེ་སྟོན་གླིང་དང་མཚོ་ཤར་ཐཱན་མེད་རྩིས་ནུས་ཐོན་ལས་གླིང་སོགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བཞིན་ཡོད་ཅིང་། སྔོན་དཔག་བྱས་ན་ལོ་འདིའི་ནང་ཚད་ལྡན་འཁོར་སྒྲོམ་དང་རྩིས་ནུས་གཞི་ཁྱོན་གཉིས་ཀ་ལྡབ་འཕར་ཡོང་རྒྱུ་རེད།

     ལྗང་གློག་མཁོ་སྤྲོད་ཁུངས་འདེད་བྱ་ཐབས་གསར་གཏོད་རང་བཞིན་གྱིས་འཚོལ་ཞིབ་བྱས་ཤིང་། མཚོ་སྔོན་གྱིས་རྒྱལ་ནང་གི་ནུས་རྒྱུ་གཙང་མ་དང་ལྗང་མདོག་རྩིས་ནུས་བཀོད་གཏོང་ལྟེ་གནས་དང་པོ་བསྐྲུན་ནས་ལས་གཉེར་བྱེད་འགོ་ཚུཌ་ཏེ། “རང་འཕེལ་དང་། རང་གསོག རང་བཀོལ། རང་སྲུང”བཅས་ཀྱི་ནུས་རྒྱུ་གཙང་མའི་གློག་དྲ་ཕྲ་རབ་ཀྱི་རྩིས་ནུས་ལྟེ་གནས་སྤྱོད་འགོ་ཚུགས་ཡོད། ཞིང་ཆེན་ཡོངས་ལ་ཁྱབ་པའི་ནུས་རྒྱུ་ཚན་ཚན་འཁོར་ཕྲེང་ལས་སྟེགས་ལ་བརྟེན་ནས། ནུས་རྒྱུ་གཙང་མའི་གློག་ཁང་དང་གྲངས་གཞི་ལྟེ་གནས་སྦྲེལ་ཚིགས་སུ་བྱས་ཏེ་དྲ་རྒྱ་མཐུད་ནས་ལྗང་གློག་ཀྲའོ་ཝ་རེའི་ཡོང་ཁུངས་གྲུབ་ཚུལ་དང་། ཁོར་ཡུག་གི་ཕན་འབྲས། བརྒྱུད་བཤུག་ཐབས་ལམ་བཅས་སྐབས་བསྟུན་འཚོལ་འདེད་བྱས་ཡོད།

     མཚོ་སྔོན་སློབ་ཆེན་རྩིས་ནུས་ལྟེ་གནས་ཀྱི་གློག་སྤྱོད་གྲུབ་ཆའི་པར་རིས་ཁ་ཕྱེ་བཞིན་རྒྱལ་ཁབ་གློག་དྲ་ཟི་ལིང་གློག་འདོན་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཏུང་ཡའོ་ཡིས“དེ་རིང་གི་གློག་སྤྱོད་ཚུལ་ལ་ལྟོས་དང་། འོད་ཤུགས་དང་། རླུང་གློག ཆུ་གློག་བཅས་སྤྱད་པའི་བསྡུར་གྲངས་གསལ་པོ་མཐོང་ཐུབ། ལྗང་གློག་འདི་དག་ལི་ཅ་ཞ་ཆུ་གློག་ས་ཚིགས་དང་ཤིན་ལུའོ་གཅིག་ནུས་གཅིག་གསབ་ནུས་རྒྱུ་ས་ཚིགས་སོགས་ནས་གཏོང་གི་ཡོད”ཅེས་ངོ་སྤྲོད་བྱས།

     “ལྗང་མདོག་རྩིས་གློག”གིས་ལས་རིགས་མང་པོར་མཐུན་རྐྱེན་སྦྱར་ནས་ལས་རྣམ་སྣ་མང་རྒྱ་སྐྱེད་ལ་སྐུལ་འདེད་བཏང་ཡོད། མཚོ་ཤར་གྲོང་ཁྱེར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་སོགས་ས་ཁུལ་གྱིས་འབེལ་འདུ་མི་ཐབས་རིག་ནུས་ཀྱི་གྲངས་གཞི་ཟུར་མཆན་རྟེན་གཞི་བསྐྲུན་པ་དང་། ཟི་ལིང་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི“ཐཱན་གཉིས”གྲངས་གཞི་ཆེ་མོའི་ལྟེ་གནས་ཐོག་མ་བསྐྲུན་པས། “རིག་ནུས་ཚྭ་མཚོ”དང་། “རིག་ལྡན་མཚོ་སྔོན་ཡུལ་སྐོར” ས་མཐོའི“རིག་ལྡན་ཞིང་འབྲོག”སོགས་བཀོལ་སྤྱོད་རྣམ་པ་ལས་ལྗང་མདོག་རྩིས་ནུས་མཉམ་སྒྲུབ་འཕེལ་རྒྱས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་མདུན་ལྗོངས་མངོན་ཡོད།

     མིག་སྔར། མཚོ་སྔོན་གྱི་ལྗང་མདོག་གློག་ཤུགས་ཀྱི་གཞི་ཁྱོན་ཆེ་རུ་མགྱོགས་མྱུར་ཕྱིན་ཞིང་། ནུས་རྒྱུ་གཙང་མའི་གློག་འདོན་ཤུགས་ཀྱིས་ཞིང་ཆེན་ཡོངས་ཀྱི་གློག་འདོན་ཤུགས་ཀྱི་94.6%བཟུང་ཡོད། ལྗང་མདོག་རྩིས་ནུས་ལ་མཐུན་རྐྱེན་སྦྱར་བས་ཞིང་ཆེན་ཡོངས་ཀྱི་རྩིས་ནུས་གཞི་ཁྱོན་2024ལོའི་ལོ་སྟོད་ལས་ལྡབ་30ཙམ་འཕར་ཡོད།

     “ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་དུས་རབས་ཀྱི་གོ་སྐབས་དམ་འཛིན་གྱིས་ལྗང་མདོག་རྩིས་གློག་མཉམ་སྒྲུབ་འཕེལ་རྒྱས་ཀྱི‘མཚོ་སྔོན་གྱི་མ་དཔེ’བཏོད་དེ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་ཧུར་ཐག་སྐྱོད་ཀྱི་ཡིན”ཞེས་མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་བརྗོད་པ་རེད།