འདི་ག་ཚགས་པར་གྱི་གསར་འགོད་པ། ཆའོ་ཏུང་། ཅ་ཧྥུང་ཧྥུང་།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་01ཉིན། 10:06】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཐོ་རེངས་ཉི་གཞོན་གྱི་ཟེར་བརྒྱ་དལ་གྱིས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི་རོང་པོ་འདམ་རར་འཕྲོ་བའི་སྐབས། དེ་གར་འཚོ་བཞིན་པའི་ལུས་པོའི་སྟངས་སྟབས་མཛེས་པའི་ཁྲུང་ཁྲུང་སྐེ་ནག་ཁྱུ་དང་ཁྱུ་དལ་གྱིས་མདུན་ཕྱོགས་སུ་རྒྱུ་ཞིང་བྱ་ཕྲུག་འགའ་ཞིག་ཁྲུང་ཁྲུང་སྐེ་ནག་ཨ་མའི་རྗེས་སུ་འགྲོ་བཞིན་འདུག
དེ་ནི་གོ་ལ་ཧྲིལ་པོའི་ཁྲུང་ཁྲུང་སྐེ་ནག་གི་རྒྱུད་སྤེལ་བྱེད་ས་གཙོ་བོའི་གྲས་ཤིག་རེད། རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ས་ཚིགས་ཀྱི་ཀྲེན་ཀྲང་པ་སངས་ཚེ་རིང་གིས་ངོ་སྤྲོད་བྱས་དེ། ཁྲུང་ཁྲུང་སྐེ་ནག་དེ་དག་ཡུན་ཀུའེ་མཐོ་སྒང་སོགས་ནས་དེ་གར་གནས་སྤོ་བར་འོང་ཞིང་། ས་བབ་སྨི་4000ལྷག་ཙམ་ཟིན་པའི་རོང་པོ་འདམ་རའི་ཕུན་སུམ་ཚོགས་པའི་ཆུ་རྩ་དང་། འདམ་ར། ནེའུ་གསིང་བཅས་ལ་བརྟེན་ནས་དེ་གར་ཁྲུང་ཁྲུང་སྐེ་ནག་གིས་བྱ་ཕྲུག་གསོ་ས་ཡག་པོ་ཞིག་ཡིན། “དབྱར་ཟླ་གསུམ་གྱི་རིང་། གནམ་གཤིས་ཚ་གྲང་སྙོམས་པ་དང་། ཉིན་མཚན་གྱི་དྲོད་ཚད་ཁྱད་པར་ཆེ་བ། ཆར་ཆུ་འབབ་ཚད་རན་པ། བྱ་རིགས་ཀྱི་བཟའ་ཆ་ཕུན་སུམ་ཚོགས་པ་བཅས་ཀྱིས་བྱ་ཕྲུག་དུས་ཐུང་ནང་སྐྱེ་འཚར་མྱུར་པོ་འོང་ཐུབ་ཀྱི་ཡོད།
“ལོ་བཅུ་གྲངས་འགའི་གོང་། དོ་དམ་ས་ཚིགས་འདི་ཉིད་སོ་ཕག་ཁང་པ་ཐེབས་ཆག་ཅིག་རེད། རྒྱུད་སྤེལ་གྱི་དུས་ཚིགས་ནས་གནས་སྤོའི་དུས་ཚིགས་བར། ལས་དོན་པས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་20ཟིན་པའི་མཚན་མོར་རེས་མོས་ངང་བསྲུངས་ནས་སྡོད་ཀྱི་ཡོད། ཁ་བ་བུ་ཡུག་འཚུབ་པའི་མཚན་མོ་ཞིག་ལ། གཤོག་པ་རྨས་པའི་ཁྲུང་ཁྲང་སྐེ་ནག་ཞིག་བསྐྱབས་ཆེད། ང་ཚོས་ཁ་བ་པུས་མོ་ཡན་བབས་པའི་ཁྲོད་རྐང་ཐང་མར་ཆུ་ཚོད་3ཙམ་བསྐྱོད་པ་མ་ཟད། ཚང་མས་རང་ཉིད་ཀྱི་པགས་ཚག་ཕུད་དེ་འདར་སིག་སིག་བྱེད་པའི་ཁྲུང་ཁྲུང་སྐེ་ནག་ལ་གཡོགས་པས་རང་ཉིད་ཀྱི་རྐང་ལག་འཁྱགས་ནས་སྦྲིད་པ་ད་ལྟའང་གསལ་པོར་དྲན་གྱི་འདུག ཁྲུང་ཁྲུང་སྐེ་ནག་དང་མཉམ་དུ་ཇི་ཙམ་འཚོ་བ་བསྐྱལ་བ་དེ་ཙམ་གྱིས་བརྩེ་བ་ཟབ་ཏུ་ཕྱིན་སོང”ཞེས་པ་སངས་ཚེ་རིང་གིས་བཤད།
མིག་སྔར། སྲུང་སྐྱོང་ཁུལ་དུ་གྲངས་འཛིན་ཅན་གྱི་ལྟ་ཞིབ་ཚད་ལེན་དྲ་རྒྱ་བཙུགས་ཡོད་ལ། རབ་གསལ་གློག་མིག་མང་པོ་བསྒར་ནས་སྐབས་བསྟུན་གྱིས་འདམ་རར་གནས་ཚུལ་ཅི་བྱུང་མཐོང་ཐུབ་ཀྱི་ཡོད། མཚོ་སྔོན་དགེ་འོས་སློབ་ཆེན་ཚེ་སྲོག་དང་ས་གཤིས་ཚན་རིག་སློབ་གླིང་གི་ཡོན་ཀྲང་ཁྲེན་ཀྲིས“ང་ཚོས་སྲུང་སྐྱོང་ཁུལ་དང་མཉམ་དུ་མཐོ་གྲང་འདམ་རའི་སྐྱེ་ཁམས་མ་ལག་ལྟ་ཞིབ་ཚད་ལེན་དང་བྱ་ཕྲུག་གསོ་སྤེལ་ཞིབ་འཇུག་ས་ཚིཌ་བསྐྲུན་ནས་རོང་པོ་འདམ་རའི་ས་ཁོངས་ཀྱི་བྱ་བྱིའུ་ལ་ཞིབ་འཇུག་བྱས་ཏེ། ཆུ་བྱའི་གནས་བཅའ་ཡུལ་ལ་ཚོད་སྐོར་བྱེད་པར་གྲངས་གཞི་མཁོ་འདོན་བྱེད་ཀྱི་ཡོད”ཅེས་བཤད།
སྡེ་ཁུལ་གྱིས་མཉམ་དུ་དོ་དམ་དང་སྲུང་སྐྱོང་བྱེད་པར་སྐུལ་འདེད་བཏང་ཞིང་། ཉེ་འཁོར་གྱི་འབྲོག་པ“འདམ་ར་སྲུང་མཁན”ལ་གྱུར། “རོང་པོ་གྲོང་རྡལ་གྱི་བདེ་ཆེན་གྲོང་ཚོ་དང་མཚོ་བཟང་གྲོང་ཚོར་སྡེ་ཁུལ་གྱིས་མཉམ་དུ་དོ་དམ་བྱེད་པའི་ཚོད་ལྟའི་གྲོང་ཚོ་བཙུགས་པ་དང་། ས་གནས་དེ་གའི་འབྲོག་པའི་ཁྲོད་ནས་འདམ་རའི་སྐྱེ་ཁམས་སྲུང་མཁན་བསྡུས་ཏེ་སྡེ་ཁུལ་གྱིས་སྐྱེ་ཁམས་མཉམ་དུ་དོ་དམ་བྱེད་པའི་སྤྱི་ཕན་སྐོར་སྲུང་རུ་ཁག་བཙུགས་ཡོད”ཅེས་པ་སངས་ཚེ་རིང་གིས་བཤད།
ཁྲུང་ཁྲུང་སྐེ་ནག་རིགས་ཁྱུ་རིམ་བཞིན་སླར་གསོ་ཐུབ་སྟེ། སྲུང་སྐྱོང་ཁུལ་ཐོག་མར་འཛུགས་སྐབས་སུ་ཐོ་བླངས་པའི་ཁྲུང་ཁྲུང་སྐེ་ནག་22ལས་མེད་པ་ནས་ད་ཆ་སྐྱེ་འཕེལ་ཤུགས་ཆེན་སྐབས་ཁྲུང་ཁྲུང་སྐེ་ནག་200ལྷག་ཙམ་བར་ཟིན་གྱི་ཡོད། པ་སངས་ཚེ་རིང་གིས“ད་ལོ་ཤར་ཚུན། ང་ཚོས་ཁྲུང་ཁྲུང་སྐེ་ནག་94ལ་ལྟ་ཞིབ་ཚད་ལེན་བྱས་པའི་ནང་ཁྲུང་ཁྲུང་སྐེ་ནག་ཆ་21སྒོ་ང་རུམ་བཞིན་ཡོད་ལ། ཀྲུང་ནག་དང་བྱ་གླག་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་བྱ་རིགས་ཀྱང་རྟག་ཏུ་མཐོང་རྒྱུ་ཡོད”ཅེས་བཤད།