ཀྲུང་དབྱང་དྲིལ་བསྒྲགས་པུའུ་སོགས་སྡེ་ཚན་གྱིས།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་30ཉིན། 10:06】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། སློབ་གསོ་པུའུ། ཚན་རྩལ་པུའུ། ཁྲིམས་འཛིན་པུའུ། ཞིང་ལས་གྲོང་གསེབ་པུའུ། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་གློག་བརྙན་སྤྱི་ཁྱབ་ཅུས། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་ཚན་རྩལ་མཐུན་ཚོགས་བཅས་ཀྱིས་མཉམ་དུ་བརྡ་ཐོ་བཀྲམ་ནས་2025ལོའི་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”གྱི་བྱེད་སྒོ་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ་རེད།
བརྡ་ཐོའི་ནང་ནན་བཤད་བྱས་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས། ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་མགྱོགས་སུ་གཏོང་བར་ནུས་སེམས་གཅིག་སྒྲིལ་བྱ་རྒྱུར་དམ་པོར་དམིགས་པ། ཐོག་མཐའ་བར་གསུམ་དུ་གྲོང་གསེབ་དང་གཞི་རིམ་གྱི་དགོས་མཁོ་དངོས་དང་ཞིང་པ་མང་ཚོགས་ཀྱི་གང་བསམ་དང་རེ་སྒུག་སྒྲུབ་པར་ཤུགས་སྣོན་རྒྱག་རྒྱུར་དམིགས་པ། སྒྲིག་འཛུགས་བྱེད་ཐབས་དང་བྱེད་སྒོའི་ནང་དོན་ལེགས་གཏོང་གསར་གཏོད་བཅས་བྱས་ཏེ། རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”གྱི་བྱེད་སྒོ་དེ་བས་དགོས་མཁོ་དང་འཚམ་པ་དང་ནུས་པ་ཐོན་པར་སྐུལ་འདེད་བཏང་སྟེ་གཞི་རིམ་ལ་ཕན་པ་དངོས་ཐོབ་པར་བྱེད་དགོས།
བརྡ་ཐོའི་ནང་བསྟན་དོན། གྲོང་གསེབ་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་རིམ་པ་ཁག་དང་རིགས་ཁག་གི་རིག་རྩལ་ཚོགས་པ་སྒྲིག་འཛུགས་བྱས་ནས་གྲོང་གསེབ་ཏུ་རིག་གནས་ཞབས་ཞུ་སྤེལ་ཏེ་རིག་གནས་ཐོན་ཁུངས་སྤུས་ལེགས་གྲོང་གསེབ་ཏུ་ཐད་ཀར་འབྱོར་རྒྱུར་སྐུལ་འདེད་གཏོང་དགོས། རིམ་ཁག་དྲིལ་བསྒྲགས་དང་རིག་གནས་ཚན་པ་སྐུལ་སློང་བྱས་ནས་གྲོང་གསེབ་ཏུ་བསྐྱོད་དེ་ཆ་འགྲིག་རོགས་སྐྱོར་དང་རིག་གནས་སྒྱུ་རྩལ་སྤེལ་རེས་གསོ་སྦྱོང་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་རང་ས་རང་ཡུལ་གྱི་རིག་གནས་ཤེས་ལྡན་པ་གསོ་སྐྱོང་བྱེད་དགོས། བཅའ་ཁྲིམས་གྲོང་གསེབ་ཏུ་དྲིལ་བསྒྲགས་བྱེད་པའི་བྱེད་སྒོ་སྤེལ་བ་དང་བཅའ་ཁྲིམས་ཤེས་བྱ་དང་ཞབས་ཞུ་གཤམ་སྤེལ་བྱས་ནས་ཞིང་པ་མང་ཚོགས་ཚོས་ཁྲིམས་ལྟར་འགལ་བ་དང་རྩོད་གཞི་ཐག་གཅོད་བྱེད་པར་ཁྲིད་སྟོན་བྱེད་དགོས། ཚན་རྩལ་སྟོབས་ཤུགས་གཤམ་སྤེལ་ཞབས་ཞུ་སྒྲིག་འཛུགས་དང་ཚན་ཞིབ་ཀྱི་གྲུབ་འབྲས་དང་ཉེར་སྤྱོད་ལག་རྩལ་ཞིང་ལས་ཐོན་སྐྱེད་ལ་སྤྱོད་རྒྱུར་སྐུལ་འདེད་བཏང་སྟེ་ཞིང་པ་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་རོགས་རམ་བྱེད་དགོས། ཚན་རིག་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་ཏེ་ཚན་རིག་ཁྱབ་གདལ་གྱི་ཐོན་ཁུངས་སྤུས་ལེགས་གྲོང་གསེབ་ཏུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་བཏང་ནས་ཚན་རིག་ཤེས་བྱ་རྒྱ་ཁྱབ་ངང་ཁྱབ་གདལ་གཏོང་དགོས། སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་སྟོབས་ཆེར་གཏོང་བའི་འདུ་འགོད་ལག་བསྟར་བྱས་ཏེ་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་ཞིང་པ་མང་ཚོགས་ཉེ་འགྲམ་དང་སྟབས་བདེ་སར་སྨན་བཅོས་ཐུབ་པར་སྐུལ་འདེད་གཏོང་དགོས། གཅེས་སྐྱོང་རོགས་རམ་གྱི་བྱ་སྤྱོད་སྤེལ་ནས་སེམས་ཁམས་བདེ་ཐང་སློབ་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་དམིགས་ས་ཡོད་པའི་སྒོ་ནས་སློབ་སྐྱོར་རོགས་རམ་དང་། གཉེན་ཉེའི་བྱམས་སྐྱོང་། བདེ་འཇགས་ལྟ་སྐྱོང་སོགས་ཀྱི་ཞབས་ཞུ་སྤེལ་དགོས།
བརྡ་ཐོའི་ནང་བླང་བྱ་བཏོན་དོན། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་བཀོད་སྒྲིག་ཞིབ་ཚགས་དང་། བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། བྱེད་ཐབས་གསར་གཏོད། དཔེ་སྟོན་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། དཔེ་མཚོན་ཉམས་མྱོང་ཁྱབ་གདལ་གཏོང་བ་བཅས་བྱས་ཏེ་ཐོན་ཁུངས་དང་ཞབས་ཞུ་སྐྱེལ་བའི་བྱ་སྤྱོད་དངོས་སྤེལ་ཐུབ་པ་དང་ཕན་འབྲས་དངོས་ཐོན་པར་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་ནན་པོ་བྱས་ཏེ་ཕྱི་ཚུལ་རིང་ལུགས་ལ་ངོ་རྒོལ་བྱས་ནས་གཞི་རིམ་གྱི་ཁུར་པོ་ལྕི་རུ་གཏན་ནས་གཏོང་མི་ཆོག